༸གོང་ས་མཆོག་དང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ཆེད། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་ལྕགས་མཁར་ཆེན་མོའི་གཏོར་རྒྱག་གནང་ཡོད་པ།

བཞུགས་སྒར་ཉེ་མཁྲིས་སུ་ཆགས་པ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་སྔ་མོའི་ལམ་སྲོལ་ལྟར་ལོ་རེ་འཆར་ཅན་དུ་གནང་ལམ་ཡོད་པ་བཞིན། འདི་ལོར་ཡང་འབྱུང་འགྱུར་ལོ་གསར་པའི་ནང་“བསྟན་འཛིན་ཀུན་གྱི་གཙུག་རྒྱན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་བསྟན་སྲིད་སྤྱི་ལ་འཚེ་བའི་གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་བགེགས་སོགས་བསམ་སྦྱོར་ངན་པའི་རིགས་ཐ་དག་བཟློག་པ། དུས་ངན་ས་ཡོམ་གྱི་གོད་ཆག་དང་ནད་རིམས་མྱུར་དུ་ཞི་བ་སོགས་ཀྱི་ཆེད་དམིགས་ཏེ། བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་རྒྱུད་རྟོག་བདུན་གྱི་དགོངས་དོན་བཞིན། དྲག་པོའི་སྲེག་སྦྱོར་ལྕགས་མཁར་ཆེན་མོའི་གཏོར་རྒྱག་”དེ་བཞིན། སྤྱི་ཟླ་ ༡ ཚེས་ ༢༩ ཉིན་གྱི་དགོང་མོ་གནང་ཡོད་ཅིང་། རྒྱུད་སྟོད་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་མོ་མཁས་གྲུབ་ནོར་བཟང་ལགས་ནས། རྒྱུད་སྟོད་གྲྭ་ཚང་གིས་ལོ་རེའི་ནང་ཐེངས་གཅིག་རེ་མ་གཏོགས་གནང་ལམ་མེད་པའི་གཏོར་རྒྱག་འདི་ནི། གཤིན་རྗེ་གཤེད་ཀྱི་གཏོར་མའི་འཁྲུལ་འཁོར་ལ་བརྟེན་ནས་གནང་ཡོད་པ་འདིས། བསྟན་པ་སྤྱི་དང་སྒོས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས།སེམས་ཅན་གྱི་བདེ་སྐྱིད་བཅས་ཚང་མར་ལོ་གཅིག་གི་ནང་འགལ་རྐྱེན་བར་ཆད་མངོན་ཆེན་པོའི་རིགས་ཞི་རྒྱུར་ཕན་ཐོགས་ཡོད་པའི་གསུང་སྲོལ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཁོང་གིས་བོད་ལ་གསང་སྔགས་ཀྱི་ཆོས་སྐོར་དར་ཏེ་ཞི་རྒྱས་དབང་དྲག་གི་ལས་མང་དུ་དར་ཡོད་པ་ལས། གཏོར་རྒྱག་འདི་ནི་མངོན་སྤྱོད་དྲག་པོའི་ལས་ཀྱི་ཁོངས་སུ་གཏོགས་པ་དང་། རྒྱ་གར་ནང་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་འདི་དུས་རབས་བརྒྱད་པའི་ནང་གྲུབ་ཐོབ་ལཱ་ལི་ཏ་བཛྲ་བརྒྱུད་ནས་དར་བ་ངོ་སྤྲོད་གནང་གི་འདུག
དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་གཤིན་རྗེ་གཤེད་ཀྱི་གཏོར་མའི་འཁྲུལ་འཁོར་ལ་བརྟེན་ནས་གཏོར་རྒྱག་གི་དྲག་པོའི་སྲེག་སྦྱོར་གྱི་ལྕགས་མཁར་སྒྲུབ་པ་སོགས་གནང་སྐབས། ཐོག་མར་གྲྭ་ཚང་གིས་ཉི་མ་གསུམ་རིང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཡ་མ་རྭ་ཛའི་སྒྲུབ་པ་བྱེད་པ་དང་། ཉི་མ་བཞི་བར་མཁན་རིན་པོ་ཆེས་འཇིགས་བྱེད་ཀྱི་རྒྱུད་རྟོག་གསུམ་པའི་བཀའ་ཁྲིད་གནང་སྟེ། མཆོད་དཔོན་ཆེན་མོ་ལ་སོགས་ནས་གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གྱི་སྒོ་ནས་ཐིག་འདེབས་པ་དང་རྡོ་ཡི་འཁོར་ལོ་འབྲི་བ། མཆོད་གཡོག་དམ་ཚིག་གཙང་བ་རྣམས་ཀྱིས་གཏོར་མ་བཞེངས་པ་དང་འབྲེལ། དངོས་གཞི་ཉི་མ་གསུམ་རིང་སྒྲུབ་པ་གནང་སྟེ་ཉིན་ཐ་མ་དེར་གཏོར་རྒྱག་གནང་ལམ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།