རྒྱ་མའི་ནང་དུ་གཏེར་ཁ་སྔོག་འདོན་ལས་གཞི་རྒྱ་ཆེར་གཏང་རྒྱུ།


2015.11.08
རྒྱ་མའི་ནང་དུ་གཏེར་ཁ་སྔོག་འདོན་ལས་གཞི་རྒྱ་ཆེར་གཏང་རྒྱུ། བོད་ཀྱི་མལ་གྲོ་གོང་དཀར་རྫོང་གི་རྒྱ་མའི་ནང་དུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་པའི་ལས་གཞི་དེ་མུ་མཐུད་ནས་རྒྱ་ཆེ་རུ་གཏང་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ།
བོད་ནས་བཏང་འབྱོར།

༄༅༎བོད་ཀྱི་མལ་གྲོ་གོང་དཀར་རྫོང་གི་རྒྱ་མའི་ནང་དུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་པའི་ལས་གཞི་དེ་མུ་མཐུད་ནས་རྒྱ་ཆེ་རུ་གཏང་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་སྐོར་ཕྱི་ཚེས་༧ ཉིན་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་ཡོད་པ་རེད།
དེ་ཡང་གཟའ་འཁོར་འདིའི་ནང་རྒྱ་ནག་གི་དངུལ་ཁང་དཔེར་ན་སོ་ནམ་དངུལ་ཁང་དང་རྒྱ་ནག་གི་དངུལ་ཁང་ལྟ་བུས་སྣེ་འཁྲིད་དེ་རྒྱ་ནག་གི་འཛུགས་སྐྲུན་དངུལ་ཁང་དང་བོད་ཀྱི་དངུལ་ཁང་ཀྱིས་བོད་ཀྱི་མལ་གྲོ་གོང་དཀར་གྱི་རྒྱ་མའི་ནང་དུ་གཏེར་ཁ་སྔོག་འདོན་བྱེད་པའི་ལས་གཞི་མུ་མཐུད་རྒྱ་བསྐྱེད་དུ་གཏང་རྒྱུར་ཨ་རིའི་ཌོ་ལར་ས་ཡ་༦༢༧ དངུལ་བུན་གཏང་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད། རྒྱ་ནག་གི་དངུལ་ཁང་དེ་དག་གིས་དངུལ་བུན་དེ་ནི་༢༠༡༩ ནས་གཏང་རྒྱུ་འགོ་འཛུགས་རྒྱུ་ཡིན་པ་དང་དངུལ་བུན་ཆ་ཚང་བ་སྤྲོད་འཇལ་༢༠༢༩ ལོ་ནང་ཚུད་དུ་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་ཡོད་པ་རེད།
ད་དུང་ཕ་ཡུལ་དྲ་རྒྱའི་ཐོག་རྒྱ་མའི་ནང་གཏེར་ཁ་སྔོག་འདོན་བྱེད་པའི་རྐྱེན་གྱིས་༢༠༡༣ ལོར་ས་རུད་ཀྱི་གནོད་འཚེ་བྱུང་སྟེ་བོད་མི་གཉིས་ཚུད་པའི་མི་གྲངས་༨༣ གྱི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་བ་མ་ཟད། གཏེར་ཁ་སྔོག་འདོན་བྱེད་ཡུལ་གྱི་ཁོར་ཡུག་འབགས་བཙོག་ཅན་འགྱུར་བ་དང་གཙང་ཆུའི་ནང་གཏེར་ཁའི་སྙིགས་རོ་དབྱུགས་པའི་རྐྱེན་གྱིས་ས་གནས་མང་ཚོགས་ཀྱི་སྒོ་ཕྱུག་སེམས་ཅན་ཤི་སྐྱོན་དང་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་ཡི་ཡོད་པའི་ཁར་། ས་གནས་མང་ཚོགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་ལ་ཤུགས་རྐྱེན་ཐེབས་ཏེ་། རྒྱ་ནག་ནས་རྒྱ་མི་རིགས་ལས་མི་འཕོན་ཆེ་ཡོང་བ་ཚོས་ས་གནས་མང་ཚོགས་ཀྱི་ལས་ཀ་སོགས་ཀྱི་གོ་སྐབས་ཡོང་རྫོགས་འཕྲོག་པར་བརྟེན་ནས་ ༢༠༠༩ ལོར་ས་གནས་མང་ཚོགས་དང་རྒྱ་མིའི་བར་གདོང་ཐུག་བྱུང་བའི་རྗེས་རྒྱ་ནག་གི་ཉེན་རྟོག་པས་བོད་མིའི་ཐོག་དྲག་གནོན་བྱས་ཏེ་བོད་མི་གསུམ་རྨས་སྐྱོན་བཏང་བའི་གནས་ཚུལ་བྱུང་བའི་སྐོར་དང་། ད་དུང་ད་ལྟའི་ཆར་རྒྱ་མའི་ནང་ནས་ཉིན་རེར་གཏེར་ཁ་ཀྲོན་དྲུག་སྟོང་སྔོག་འདོན་བྱེད་པ་ནས་མ་འོངས་པའི་༢༠༡༦ ནང་ཚུད་ལ་ཧ་ལམ་ཀྲོན་དུང་ཕྱུར་གཅིག་དང་ས་ཡ་བརྒྱད་ཅུ་ཙམ་སྔོག་འདོན་བྱ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པའི་སྐོར་བཀོད་ཡོད་པ་རེད།།
གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎