༸རྒྱལ་དབང་ཀརྨ་པ་མཆོག་ནས་བོད་ནང་གི་བོད་མི་ཚོས་ཏོག་དབྱིབས་རིམས་ནད་སྐབས་ཕན་ཚུན་སེམས་ཤུགས་དང་སྙིང་སྟོབས་སྤར་རེས་བྱེད་རྒྱུ་གལ་ཆེན་ཡིན་པ་གསུངས་འདུག

2022.08.25
༸རྒྱལ་དབང་ཀརྨ་པ་མཆོག་ནས་བོད་ནང་གི་བོད་མི་ཚོས་ཏོག་དབྱིབས་རིམས་ནད་སྐབས་ཕན་ཚུན་སེམས་ཤུགས་དང་སྙིང་སྟོབས་སྤར་རེས་བྱེད་རྒྱུ་གལ་ཆེན་ཡིན་པ་གསུངས་འདུག ༸རྒྱལ་བ་ཀརྨ་པས་བོད་ནང་གི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཐད་ཐུགས་གསོའི་གསུང་འཕྲིན་སྩལ་གནང་བའི་སྐབས། ༢༠༢༢།༠༨།༡༨
RFA/Screenshot

ད་ལྟའི་ཆར་བོད་ནང་གི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་མང་པོའི་ནང་ཏོག་དབྱིབས་རིམས་ནད་མུ་མཐུད་ཁྱབ་གདལ་འགྲོ་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན་ཕྱི་ཚེས་༢༣ཉིན་རྒྱབ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་གཏན་འཁེལ་ནད་པ་༡༢དང་ནད་རྟགས་མི་མངོན་པའི་ནད་པ་༡༥༨མང་དུ་ཕྱིན་ཡོད་སྐོར་བཀོད་ཡོད་པ་དང་། དེ་བཞིན་བོད་ཀྱི་ས་ཁུལ་གཞན་རྔ་བ་རུ་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བ་ནད་རྟགས་ཅན་༢་དང་། ཟི་ལིང་དུ༡༢་བཅས་གསར་དུ་བྱུང་ཡོད་པ་དང་། ད་ལྟའི་ཆར་དམིགས་བསལ་གྲོང་ཁྱེར་ཁག་ཏུ་ཡོད་པ་ཚོར་ཟས་རིགས་འདང་ངེས་མེད་པ་དང་། ཉོ་རུ་འགྲོ་བར་ཕྱི་ལ་ཐོན་པར་བརྟག་དཔྱད་རབ་དང་རིམ་པར་བྱེད་དགོས་སྟབས་དཀའ་ངལ་མང་དག་ཅིག་ཡོང་གི་ཡོད་པ་ལས། འབྲོག་ས་ཁག་ཏུ་བཀག་བསྡོམས་བྱས་ཡོད་ཀྱང་དམིགས་བསལ་ཟས་རིགས་ཐད་དཀའ་ངལ་མེད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འགྲེལ་བརྗོད་གནང་བྱུང་།

ད་ལྟའི་ཆར་བོད་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་ཐད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་ནང་གི་དགོན་སྡེ་ཁག་དང་མི་མང་ནས་གདུང་སེམས་མཉམ་བསྐྱེད་དང་སྨོན་ལམ་གསོག་བསྒྲུབས་གནང་གི་ཡོད་པ་བཞིན། ཕྱི་ཟླ་༨ཚེས་༡༨་དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་ནས་མར་རྔོག་དབྱར་ཆོས་ཀྱི་གསུང་ཆོས་དང་བསྟུན། ད་ལྟའི་ཆར་བོད་རིགས་ས་ཁུལ་མང་པོར་ཏོག་དབྱིབས་རིམས་ནད་ཁྱབ་བཞིན་པའི་ཐད་ངོས་རང་གཙོས་འབྲེལ་ཡོད་ཚོས་སེམས་འཁྲལ་ཤུགས་ཆེར་གནང་གི་ཡོད་པ་དང་། གཙོ་བོ་བོད་མི་ཚོས་བླ་མ་ཡི་དམ་ལ་གསོལ་འདེབས་ཞུ་རྒྱུ་དང་ཏོག་དབྱིབས་རིམས་ནད་སྐབས་ཕན་ཚུན་སེམས་ཤུགས་དང་སྙིང་སྟོབས་སྤར་རེས་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། གཞིས་བཞུགས་བོད་མི་ཚང་མ་སྐུ་ཁམས་བཟང་བ་དང་ནད་ཡམས་ཀྱི་འཇིགས་པ་ལས་མྱུར་དུ་གྲོལ་ཐུབ་པའི་སྨོན་ལམ་ཤུགས་དྲགས་ཞུ་བཞིན་ཡོད་པའི་ཐུགས་གསོ་གནང་འདུག

photo_6068878296822689846_y.jpg

གཞན་ཡང་བོད་ནང་ཏོག་དབྱིབས་རིམས་ནད་མུ་མཐུད་ཁྱབ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ཁག་ཅིག་ནང་ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་མཁན་༡༠༠༠ལྷག་ཡོད་སྐོར་བཀོད་ཡོད་པ་མ་ཟད། ཐེངས་འདིའི་རིམས་ནད་དང་འབྲེལ་བོད་སྨན་གྱིས་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། ལྷ་སའི་ཏོག་དབྱིབས་རིམས་ནད་སྨན་བཅོས་བྱེད་སའི་སྨན་ཁང་ཞིག་ཏུ་ཆེད་དམིགས་བོད་སྨན་གྱི་སྨན་བཅོས་བྱས་ཏེ། ནད་པ་ཕལ་ཆེ་བ་མགྱོགས་མྱུར་དྲག་སྐྱེད་ཡོང་ཡོད་པ་སོགས་བཀོད་འདུག་ལ། དེ་བཞིན་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ་རྒྱ་ནག་གཞུང་གིས་རིམས་ནད་བཀག་འགོག་ལ་འཐུས་ཤོར་བཏང་སྐོར་བརྗོད་དེ་ལྷ་ས་དང་གཞིས་ཀ་རྩེ་སོགས་ནས་སྔ་བཞུགས་བྱས་ཏེ་ཁྱོན་གཞུང་འབྲེལ་ལས་བྱེད་དང་དཔོན་རིགས་༣༠ལྷག་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་པ་དང་། དེ་བཞིན་ལས་ཀ་ལས་ཡུན་མང་དྲག་སྟེ་ཉིང་ཁྲི་གྲོང་ཁྱེར་ནས་བོད་མི་སྤེན་པ་ཚེ་རིང་ཞུ་བ་ཞིག་དང་། འབའ་ཐང་རྫོང་ནས་བོད་མི་ཏུའུ་ཡུང་ཞུ་བ་གཉིས་རིམས་འགོག་གི་ཡུལ་དངོས་ནས་འདས་གྲོངས་སོང་ཡོད་པ་སོགས་བཀོད་འདུག

ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༦༤༡༧ཟིན་འདུག་ན་ཡང་། ཕྱི་ཚེས་༢༣་ཉིན་རྒྱ་ནག་གཞུང་འབྲེལ་ནས་གསལ་བསྒྲགས་སྤེལ་དེ་བོད་ནང་གི་ལྷ་ས་གོང་དཀར་གནམ་གྲུ་ཐང་། ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་། ཉིང་ཁྲིའི་སྨན་གླིང་གནམ་གྲུ་ཐང་། གཞིས་རྩེའི་ཞི་བདེའི་གནམ་གྲུ་ཐང་བཅས་སུ་མི་མང་ཕར་འགྲོ་ཚུར་འོང་ཆེད། གནམ་གྲུ་ཁག་གི་འཕུར་སྐྱོད་དུས་ཚེས་རྒྱུན་ལྡན་ལྟར་ཡིན་པ་སོགས་བསྒྲགས་འདུག་ལ། དེ་མིན་བོད་ནང་གི་མཚོ་སྔོན་ཟི་ལིང་དང་རྨ་ལྷོ། ཡུལ་ཤུལ་དང་རྔ་བ་སོགས་སུ་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་པ་དང་། དེ་རིང་ཕྱི་ཚེས་༢༥ཉིན་ནས་བཟུང་རྔ་བ་རྫོང་ཡོངས་སུ་འགྲོ་སྐྱོད་བཀག་བསྡོམས་བྱེད་བཞིན་ཡོད་པ་བསྒྲགས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎