རྒྱ་ནག་གི་དམག་དཔོན་ཟུར་བ་ཞིག་ཏང་ནས་ཕྱིར་ཕུད་དང་ཁྲིམས་བཤེར།
2015.08.03
རྒྱ་ནག་གི་དམག་དཔོན་མཐོ་གྲས་ཟུར་པ་ཀོ་པོ་ཞོན་ལ་ལྐོག་ཟའི་ནག་ཉེས་ཕོག་སྟེ་རྒྱ་ནག་དམར་ཤོག་ཚོགས་པ་ནས་ཕྱིར་ཕུད་བཏང་བ།
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོའི་ཁྲོད་ལྐོག་ཟའི་བྱ་སྤྱོད་ལ་གདོང་ལེན་གྱི་ལས་འགུལ་ཆེན་པོ་སྤེལ་བཞིན་པའི་ཁྲོད། རྒྱ་ནག་གི་དམག་དཔོན་མཐོ་གྲས་ཟུར་པ་Guo Boxiongཐོག་ལྐོག་ཟའི་ནག་ཉེས་ཕོག་སྟེ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ནས་ཕྱིར་འབུད་བྱས་ཡོད་པ་དང་། Guo Boxiongནི་དེ་སྔ་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་བྱས་མྱོང་ཡོད་ཅིང་། ཁོ་པའི་ཐོག་དམག་དོན་གྱི་ཁྲིམས་ལུགས་གཞིར་བཟུང་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
ལོ་ན་༧༣ཡིན་པ་Guo Boxiongགྱིས་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་ཆེས་མཐོའི་དཔོན་རིགས་བྱས་པའི་དུས་ཡུན་དེའི་རིང་། ལྐོག་རྔན་བླངས་ཏེ་གཞན་གྱི་གོ་གནས་སྤར་བ་དང་། དེ་མིན་གྱི་ཁྲིམས་འགལ་གྱི་ཁེ་ཕན་བླངས་ཡོད་པ་སོགས་ཀྱི་ཉེས་བཙུགས་བྱས་ཡོད་པ་རེད།
རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་ཉིན་རེའི་གསར་ཤོག་ཐོག Guo Boxiongལ་ཁྲིམས་བཤེར་བྱ་རྒྱུའི་ཐག་གཅོད་དེས་ལྐོག་ཟའི་བྱ་སྤྱོད་སྤེལ་མཁན་སུ་ཡིན་རུང་ཉེས་ཆད་ཕོག་རྒྱུ་ཡིན་པའི་མཚོན་དོན་གསལ་ཤོས་ཡིན་པ་རེད་ཅེས་བཀོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅིང་ཙེ་མིན་དང་། ཧུ་ཅིན་ཐོའི་སྐབས་ནས་བཟུང་རྒྱ་ནག་གི་དམག་དཔུང་ནང་གི་ལྐོག་ཟའི་བྱ་སྤྱོད་འཕེལ་རྒྱས་སུ་ཕྱིན་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྤྱིི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།