ཁམས་འབྲི་རུ་རྫོང་གི་བོད་མི་ཞིག་གིས་རང་ལུས་མེར་སྲེག
2012.10.04
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ནག་ཆུ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་ཁམས་འབྲི་རུ་རྫོང་ནས་ཡིན་པའི་བོད་མི་དགུ་འགྲུབ་ལགས་ཀྱིས་བོད་ལ་རང་དབང་དགོས་ཞེས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག མ་ཚད་སྐབས་དེར་རྒྱ་མིའི་ཉེན་རྟོག་མི་སྣས་ཕུང་པོ་ཁོང་གི་ནང་མིར་རྩིས་སྤྲད་མེད་པའི་གནས་ཚུལ་འདུག
རང་ལོ་༤༣ཡིན་པའི་དགུ་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས། ང་ཚོ་གང་དུ་སོང་ཡང་རང་དབང་མི་འདུག བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་གནང་ཡོད། དེ་བཞིན་ཁོང་གིས་མེར་སྲེག་མ་བཏང་གོང་ཞལ་ཆེམས་ཡི་གེ་ཞིག་ཀྱང་བཞག་འདུག ཁོང་སྔོན་མ་རྒྱ་གར་དུ་ཕེབས་ནས་གསོག་སྒར་སློབ་གྲྭར་ཕེབས་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ལོར་ཕྱིར་བོད་ལ་ལོགས་སྐབས་རྒྱ་ཡི་བཙོན་འོག་ལ་སྡོད་དགོས་བྱུང་འདུག།