ཨ་རིའིTexas ་ མངའ་སྡེའི་སྤྱི་ཁྱབ་ Greg Abbott སྲིད་གཞུང་ནས་མངའ་སྡེ་དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཉེན་ཁ་ལ་འགོག་རྒོལ་གྱི་བཀའ་རྒྱ་མི་འདྲ་བ་གསུམ་བསྒྲགས་ཡོད་པ་རེད།
ཨ་རིའི་ Texas མངའ་སྡེའི་སྤྱི་ཁྱབ་ Greg Abbott ཡིས་སྤྱི་ཟླ་༡༡ཚེས་༡༨དང་༡༩ཉིན་བསྟུད་མར་བཀའ་རྒྱ་མི་འདྲ་བ་གསུམ་བསྒྲགས་ཡོད་པ་དང་། དེ་དག་ཚང་མ་མངའ་སྡེའི་མི་དམངས་དང་རྨང་གཞིའི་སྒྲིག་བཀོད་ལ་རྒྱ་ནག་དམར་ཤོག་ཚོགས་པའི་འཇིགས་སྐུལ་འབྱུང་སྲིད་པའི་ཉེན་ཁ་ལས་སྲུང་སྐྱོབ་ཆེད་ཡིན་སྐོར་བསྒྲགས་ཡོད་པ་རེད།
Texas མངའ་སྡེའི་བདུན་རེའི་གསར་འགྱུར་ཐོག་གནས་ཚུལ་སྤེལ་བར་ལྟར་ན། མངའ་སྡེའི་སྤྱི་ཁྱབ་ Greg Abbott ཡིས་རེས་གཟའ་ཟླ་བ་ཉིན་ཕྱིའི་དགྲ་བོས་ Texas མངའ་སྡེའི་མི་དམངས་ལ་བསུན་བཙེར་དང་བཙན་ཤེད་རིགས་ལ་སྔོན་འགོག་གྱི་གཞུང་འཛིན་བཀའ་རྒྱ་ཨང་ GA-47 ཞེས་པར་མིང་རྟགས་བཀོད་ཡོད་པ་རེད་ལ། དེ་ནས་རེས་གཟའ་མིག་དམར་ཉིན། སླར་ཡང་ GA-48 སྟེ། མངའ་སྡེའི་གཞུང་སྲ་བརྟན་དང་། གལ་ཆེའི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོབ་ཀྱི་གཞུང་འཛིན་བཀའ་རྒྱ་དང་། GA-49 བཅས་ལ་མིང་རྟགས་བཀོད་ཡོད་ཅིང་། བཀའ་རྒྱ་གསུམ་པོ་དེ་དག་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པའི་ཉེན་ཁ་ལ་ཁ་གཏད་གཅོག་ཆེད་དུ་ཡིན་པ་རེད།
མངའ་སྡེའི་སྤྱི་ཁྱབ་ Greg Abbott ཡིས་དེ་འབྲེལ་གཞུང་འཛིན་གསལ་བསྒྲགས་སྤེལ་བའི་ནང་དུ། རྒྱ་ནག་དམར་ཤོག་ཚོགས་པས་འཛམ་གླིང་ཡོངས་སུ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཚོར་རྒྱལ་མཚམས་བརྒལ་བའི་བཙན་གནོན་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། Texas མངའ་སྡེའི་ནང་ཁྲིམས་མཐུན་གྱིས་གནས་སྡོད་བྱེད་མཁན་རྒྱ་མི་རིགས་ཉིས་འབུམ་ལྔ་ཁྲི་ལྷག་ཡོད་པ་དེ་དག་ལ་རྒྱ་ནག་དམར་ཤོག་ཚོགས་པས་གནོད་འཚེ་དང་བཙན་ཤེད་བྱེད་པར་བཟོད་སྒོམ་གཏན་ནས་བྱེད་ཀྱི་མིན་ཅེས་ནན་བརྗོད་བྱས་འདུག ཡང་རྒྱ་ནག་གིས་དེ་ལ་ངོས་ལེན་མེད་པའི་སྐྱོན་བརྗོད་བྱས་འདུག
༢༠༢༣ ལོར་ཨ་རིའི་ཞིབ་དཔྱོད་ལས་ཁུངས་(FBI)ཡིས་རྒྱ་ནག་མི་སེར་ ༤༤ ལ་ནིག་ཡོག་གྲོང་ཁྱེར་དུ་ཁྲིམས་འགལ་ཉེན་རྟོག་ལས་ཁུངས་བཙུགས་པའི་ནག་ཉེས་བཙུགས་ཡོད་པ་དང་། ཉེན་རྟོག་ལས་ཁུངས་དེ་དག་གིས་རྒྱ་ནག་ནང་ཁུལ་གྱི་ཉེས་དོན་དང་འབྲེལ་བའི་སྤྱོད་ངན་སྡོམ་རྒྱག་དང་། ཁྲིམས་འགལ་གྱི་ལས་དོན་སྒྲུབ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།
ད་ལོའི་སྤྱི་ཟླ་དགུ་བའི་ཚེས་༤ ཉིན་ཨ་མི་རི་ཀའི་ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ལ་ཕྱག་རོགས་ཀྱི་ལས་ཀ་བྱེད་མྱོང་མཁན་དཔོན་རིགས་ཟུར་པ་(Linda Sun)་ཞུ་བས་རྒྱ་ནག་གཞུང་གི་ཆེད་གསང་མྱུལ་བྱས་པ་དང་། དེའི་ཆེད་ཨ་སྒོར་ས་ཡ་མང་པོ་ལྐོག་ལེན་བྱས་ཡོད་པའི་ནག་ཉེས་བཙུགས་ཀྱིས་་འཛིན་བཟུང་བྱས་ཡོད་པ་རེད།
ཡང་ད་ལོའི་སྤྱི་ཟླ་༧པའི་ཚེས་༢༩་རེས་གཟའ་ཟླ་བ་ཉིན། ཨ་མི་རི་ཀའི་ནང་སོ་མྱུལ་གྱི་ལས་དོན་སྤེལ་བར་དོགས་གཞི་ཡོད་པའི་དགེ་རྒན་ཆེན་མོ་ཟུར་པ་(Wang Shujun)་གྱི་གྱོད་དོན་ཐད་ཨ་རིའི་ནིའུ་ཡོག་གི་ཁྲིམས་ཁང་ནང་ཁྲིམས་བཤེར་བྱེད་འགོ་ཚུགས་ཡོད་པ་དང་། གལ་སྲིད། ཁོང་ལ་ནག་ཉེས་ཡོད་པ་ར་འཕྲོད་བྱུང་བ་ཡིན་ན། མི་ལོ་༢༥་ཙམ་གྱི་བཙོན་འཇུག་གི་ཉེས་ཆད་ཕོག་སྲིད་པ་(Reuters)་གསར་ཁང་གིས་གནས་ཚུལ་གསལ་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།