བཀའ་སྤྱི་གཉིས་ནས་འཚམས་འདྲི།
2013.01.10
༄༅། །ཁ་སང་རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་རྣམ་གཉིས་ཀྱིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷ་དྲ་སིངྒ་མཆོག་རྡ་སར་རྟེན་གཞི་བྱས་པའི་མངའ་སྡེའི་ལས་ཁུངས་སུ་ཕེབས་པ་དང་སྟབས་བསྟུན། མཇལ་འཕྲད་གནང་སྟེ་སྲིད་སྐྱོང་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་དུ་སླར་ཡང་འདེམས་ཐོན་བྱུང་བར་འཚམས་འདྲིའི་གནང་འདུག དེ་ཉིན་ད་དུང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག ཁོང་ལ་འཚམས་འདྲི་ཞུ་བར་ཆེད་བཅར་གྱིས་འཚམས་འདྲི་ཞུས་པ་དང་སྦྲགས། འབྱུང་འགྱུར་བོད་དོན་རྒྱབ་སྐྱོར་གྱི་རེ་སྐུལ་ཞུས་ཡོད་པ་རེད། སྐབས་དེར་ཁོང་གིས་ཞལ་བཞེས་གཙང་མ་གནང་ཡོད་པའི་སྐོར་སོགས། སྤྱི་འཐུས་ཀྱི་སྐུ་ཚབ་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ནས་ང་ཚོ་རླུང་འཕྲིན་ཁང་གི་གསར་འགོད་པར་འགྲེལ་བརྗོད་གནང་འདུག ཁོང་གིས་མུ་མཐུད་གསུངས་ཡག་ལ། ནམ་རྒྱུན་གྱི་འགྲོ་ལུགས་ལྟར་ན་དེ་འདྲའི་འཚམས་འདྲིའི་ཆེད་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་ཆེད་བཅར་གནང་དགོས་ཀྱི་ཡོད་ནའང་། ད་རེས་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀ་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ལས་དོན་གལ་ཆེ་ཞིག་གི་ཆེད་བཅར་ཡོད་པས། ང་ཚོ་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་གྱི་སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་། སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས། དེ་བཞིན་སྤྱི་འཐུས་ཀྱི་ཚོགས་དྲུང་སྟོབས་རྒྱལ་དང་། དྲུང་གཞོན་བསྟན་ཆོས་ལགས། ཁོང་རང་བཅས་མི་ལྔ་ཆེད་བཅར་གནང་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག།