བོད་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་ཕན་བོད་མིར་ཡོད་ལུཌ

བོད་ཀྱི་དཔལ་འབྱོར་ཡར་རྒྱས་ཀྱི་ཁེ་ཕན་བོད་མི་ཚོར་ཐོབ་ཀྱི་མེད་པའི་སྐྱོན་བརྗོད་དེར་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནས་དགག་ལན།

2011.05.19

༄༅༎བོད་མི་ཚོས་རྒྱ་ཧའན་མི་རིགས་བོད་ནང་དུ་གནས་སྡོད་བྱས་ཏེ་བོད་ཀྱི་དཔལ་འབྱོར་ཡར་རྒྱས་ཀྱི་ཁེ་ཕན་རྒྱ་ཧའན་མི་རིགས་མ་གཏོགས་བོད་མི་ཚོར་ཐོབ་ཀྱི་མེད་པའི་སྐྱོན་བརྗོད་བྱེད་པ་དེར་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནས་གནས་ཚུལ་དེ་བདེན་པ་མིན་ལུགས་བཤད་ཡོད་པ་རེད།

དེ་རིང་རེས་གཟའ་ཕུར་བུའི་ཉིན་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་འཕྲིན་ལས་ཀྱིས། པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཐོག བོད་ནང་གི་དཔལ་འབྱོར་འཕེལ་རྒྱས་ནི་གྲངས་ཉུང་མི་རིགས་ཚང་མར་གཅིག་མཚུངས་ཀྱི་ཁེ་ཕན་སྐྲུན་ཡོད་ཅིང༌། བོད་མི་ཚོར་དེའི་བརྒྱ་ཆ་༩༠ ཙམ་ཕན་ཐོགས་ཡོད་པ་དང༌། བོད་ཀྱི་དཔལ་འབྱོར་ཡར་རྒྱས་ཀྱི་ཁེ་ཕན་རྒྱ་ཧའན་མི་རིགས་ཁོ་ནར་ཡོད་ཚུལ་ཤོད་པ་ནི་བདེན་པ་མ་རེད་ཅེས་དང༌། ༢༠༡༠ ལོར་བོད་་ནང་གི་ཐོན་སྐྱེད་ཀྱི་ཡོང་འབབ་མི་དམངས་དངུལ་ལོར་ཐེར་འབུམ་༥༠ ལྷག་བྱུང་ཡོད་པ་དེ་ནི། མི་ལོ་ལྔ་བཅུའི་གོང་དང་བསྡུར་ན་ལྡབས་བརྒྱ་ལྷག་གིས་ཡར་རྒྱས་ཆེན་པོ་ཞིག་ཡིན་པ་བཤད་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་ཚོས། བོད་ནང་དུ་རྒྱ་ཧའན་མི་རིགས་འཕོན་ཆེ་གནས་སྤོ་བྱས་ཏེ་བོད་ཀྱི་ཡར་རྒྱས་ནི་རྒྱ་མི་རིགས་ཁོ་ནར་ཕན་ཐོགས་ཡོང་བ་ལས་བོད་མིར་ཐོབ་ཀྱི་མེད་པས་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དང༌། ལྷག་པར་དུ་བོད་ནང་གཏེར་ཁ་བསྔོག་འདོན་བྱས་ཏེ་བོད་ཀྱི་རང་འབྱུང་འཁོར་ཡུག་ལ་གནོད་འཚེ་བཟོ་གི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། རྒྱ་ཧའན་མི་རིགས་ནི་རྒྱ་ནག་རྒྱལ་ཁབ་ཀྱི་མི་འབོར་མང་ཤོས་ཀྱི་མི་རིགས་དེ་ཡིན་ཞིང༌། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལྔ་བཅུ་ལྔ་གྲངས་ཤིག་ཡོད་པ་ཤོད་བཞིན་པ་དང༌། གྲངས་ཉུང་མི་རིགས་ཚོར་རྒྱ་ཧའན་མི་རིགས་དང་གཅིག་མཚུངས་ཀྱི་ཐོབ་ཐང་དང་མི་རིགས་སོ་སོའི་ཐོུང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་ཤོད་ཀྱི་ཡོད་ཀྱང༌། བོད་ནང་གི་བོད་མི་ཚོར་ཆོས་ལུགས་རང་དབང་དང༌། སྨྲ་བརྗོད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་ཁར་རྒྱ་མི་རིགས་ཀྱི་མཐོང་ཆུང་དང་ཁྱད་གསོད། གཉའ་གནོན་འོག་གནས་བཞིན་ཡོད་པར་བརྟེན། ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་པོ་ཞེས་བོད་ཆོལ་ཁ་གསུམ་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་དེ་བྱུང་ཡོད་པ་དང༌། སྐབས་དེར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཚབས་ཆེ་བྱས་ཏེ་བོད་མི་མང་པོ་བསད་པ་དང༌། མང་པོ་ཞིག་བཙོན་འཇུག་བྱས་པ། མང་པོ་ཞིག་གར་སོང་མེད་པར་གྱུར་ཡོད་ཀྱང་རྒྱ་ནག་གཞུང་གིས་མི་༡༩ ལས་རྐྱེན་ལམ་དུ་ཕྱིན་མེད་ཚུལ་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎