བོད་ཀྱི་གནས་སྟངས་ཐོག་ཐུགས་འཚབ།
2013.06.04

༄༅༎ཨ་མི་རི་ཀའི་ནུབ་ཕྱོགས་ཝ་ཤིང་ཊོན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Jay Inslee མཆོག་གིས་བོད་ནང་གི་ད་ལྟའི་གནས་སྟངས་ཐོག་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་པ་དང་། བོད་མིའི་དངོས་ཡོད་ཀྱི་དཀའ་ངལ་ཁག་སེལ་ཐུབ་ཐབས་ངེས་པར་བྱེད་པའི་ཐུགས་རེ་གནང་འདུག།
ཨ་རིའི་ཝ་ཤིང་ཊོན་མངའ་སྡེའི་སྲིད་སྐྱོང་གི་བཀའ་མོལ་དེ། སྲིད་སྐྱོང་མཆོག་ནས་མངའ་སྡེ་དེའི་ནང་གི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་ནས་ཡིན་པའི་ཨ་རི་བའི་ལས་དོན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་དགའ་བསུའི་སྣེ་ལེན་ཞིག་གནང་བའི་སྐབས། དེར་ཕེབས་པའི་བྱང་ཨ་མི་རི་ཀའི་སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་སུ་གསུངས་པ་ཞིག་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག།
སྐུ་ཞབས་ Jay Inslee ནི་དེ་སྔོན་ཨ་མི་རི་ཀའི་དབུས་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་བཞི་པའི་ནང་ཨ་མི་རི་ཀའི་གྲོས་ཚོགས་འོག་མས་བོད་དོན་དང་འབྲེལ་བའི་གྲོས་ཆོད་ཨང་ ༡༠༧༧ ཅན་བཞག་པའི་སྐབས་ཁོང་གིས་རྒྱབ་སྐྱོར་ཆེན་པོའི་བཀའ་མོལ་གནང་མྱོང་ཡོད་པ་རེད། ཨ་རིའི་གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་དྲག་རྩུབ་མཚམས་འཇོག་དགོས་པ་དང་། བོད་ཀྱི་དཀའ་རྙོག་སེལ་ཆེད་རྒྱ་ནག་གཞུང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་སྐོར་སོགས་འཁོད་ཡོད་པ་རེད།
ཡང་ཕྱི་ལོ་ ༢༠༠༨ ཀྱི་ལོ་དེ་གའི་ནང་སྐབས་དེ་དུས་ཀྱི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་དབུ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་སྐབས། ད་ལྟའི་ཨ་རིའི་ཝ་ཤིང་ཊོན་མངའ་སྡའི་སྲིད་སྐྱོང་སྐུ་ཞབས་ Jay Inslee མཆོག་ཀྱང་ཚོགས་མི་རྒན་གྲས་ཀྱི་ངོ་བོའི་ཐོག་ནས་ཆེད་ཕེབས་གནང་ཡོད་པ་རེད།།