མགོན་པོ་སྐྱིད་ལགས་ཀྱིས་བསྐྱར་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་དྲང་བདེན་མིན་པའི་ཁྲིམས་ཆད་ལ་བསྐྱར་ཞིབ་དགོས་པའི་ཞུ་འབོད་གནང་འདུག

ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་ ༢༠ ཉིན། རྒྱ་ནག་གི་བཙོན་འོག་ན་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ནས། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་དུ། རྡོ་རྗེ་བཀྲ་ཤིས་ལགས་ཀློད་གྲོལ་དགོས་པ་དང་། ཁོང་གི་དྲང་བདེན་མིན་པའི་ཁྲིམས་ཆད་ལ་བསྐྱར་ཞིབ་དང་། ནང་མི་ཚོ་ཁོང་དང་ཐུག་འཕྲད་བྱ་བཅུག་དགོས་པ་སོགས་ཀྱི་དགོས་འདུན་འོག་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོ་མོའི་ཞི་རྒོལ་རྗེས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་རིགས་བྱས་མེད་པའི་གནས་ཚུལ་གོ་ཐོས་བྱུང་སྐོར། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། མགོན་པོ་སྐྱིད་ལགས་ནས་ད་ཐེངས་ཙམ་མ་ཡིན་པར་ཕྱི་ལོ་ ༢༠༢༤ ལོའི་ལོ་མགོ་ནས་བཟུང་མུ་མཐུད་རྡོ་རྗེ་བཀྲིས་ལགས་ཀྱི་དྲང་བདེན་མིན་པའི་ཁྲིམས་ཆད་ལ་བསྐྱར་ཞིབ་དང་། ཁོང་མྱུར་དུ་ཀློད་གྲོལ་ཡོང་བའི་དགོས་མདུན་འོག་ཞི་རྒོལ་བྱས་ཡོད་པ་དང་། བོད་ཀྱི་ལོ་སར་གྱི་ཉིན་ཁ་ཤས་མ་གཏོགས་རྒྱུན་པར་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་མང་ཁྲིམས་ཁང་མདུན་དུ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་མི་སྣ་དང་ཉེན་རྟོག་པ་ཚོས་ཁོ་མོའི་ཞི་རྒོལ་ལ་ལྟ་སྲུང་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། བརྙན་དང་པར་སོགས་གསང་སྟབས་ཀྱིས་བླངས་པ་མ་གཏོགས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
མགོན་པོ་སྐྱིད་ལགས་ནས་མངོན་གསལ་དོད་པོས་ངང་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་གསུམ་པ་དང་བཞི་པ། ལྔ་པ་དང་དྲུག་པ། བདུན་པ་བརྒྱད་པ་བཅས་སུ་རིམ་པ་བཞིན་སྤུན་མཆེད་རྡོ་རྗེ་བཀྲིས་ལགས་ཀྱི་དྲང་བདེན་མིན་པའི་ཁྲིམས་ཆད་ལ་བསྐྱར་ཞིབ་དགོས་པའི་ངོ་རྒོལ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་ཉེན་རྟོག་པ་ཚོས་ཁོ་མོ་མི་མང་གིས་མི་མཐོང་ཆེད་རས་ཡོལ་གྱིས་གཡོགས་པ་དང་། འཛིན་བཟུང་བཅར་བརྡུང་དང་བཀག་ཉར་སོགས་ཀྱི་བཙན་ཐབས་བཀོལ་ཡོད་པ་རེད་ལ། ཐེངས་འདིར་འབྲེལ་ཡོད་ནས་འདི་ག་རླུང་འཕྲིན་ཁང་ལ་བརྙན་ཞིག་མཁོ་སྤྲོད་གནང་བའི་ནང་། མགོན་པོ་སྐྱིད་ལགས་ནས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་མང་ཁྲིམས་ཁང་མདུན་དུ། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་པར་ཞིག་འཁྱེར་ནས་ཞི་རྒོལ་བྱེད་བཞིན་པ་མཐོང་རྒྱུ་འདུག་ལ། བརྙན་ནང་དུ་མི་ཞིག་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལྟར་ལག་བསྟར་བྱེད་བཞིན་མེད་སྟབས། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ནས་མུ་མཐུད་དྲང་བདེན་ཡོང་ཆེད་མཐོ་རིམ་མི་མང་ཁྲིམས་ཁང་མདུན་དུ་ཞི་རྒོལ་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་ ༡༥ འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་ཀློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་ ༧ ལ་འཛིན་བཟུང་བཀག་ཉར་དང་འདྲི་རྩད་གཅར་བརྡུང་ཐེངས་མང་བྱས་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།