མགོན་པོ་སྐྱིད་ནས་ཉེན་རྟོག་པས་ཉེས་མེད་བཀག་ཉར་དང་བཅར་རྡུང་བྱས་པར་ཁྲིམས་གཏུག་བྱེད་བཞིན་ཡོད་འདུག
ཕྱི་ལོ་ ༢༠༢༤ ཟླ་བ་ ༣ ཚེས་ ༢༦ ཉིན། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་ཚོང་བ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ནས། བསྐྱར་དུ་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་མང་ཁྲིམས་ཁང་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་བཙོན་འཇུག་ཁྲིམས་ཆད་ལ་བསྐྱར་ཞིབ་ཆེད་ཞི་རྒོལ་ལས་འགུལ་སྤེལ་ཡོད་འདུག་ལ། ད་ལྟའི་ཆར་མགོན་པོ་སྐྱིད་ལགས་ནས་མཐོ་རིམ་ཁྲིམས་ཁང་མདུན་དུ་ངོ་རྒོལ་ཙམ་མ་ཡིན་པར། སྔར་ལོའི་ཕྱི་ཟླ་ ༡༢ ནང་ཁོ་མོའི་བཟའ་ཟླ་ཆོས་སྐྱོང་དང་ཁོང་གཉིས་ནས་ཞུ་གཏུག་ལས་འགུལ་དང་འབྲེལ། ཉེན་རྟོག་པས་ཉེས་མེད་བཀག་ཉར་དང་བཅར་རྡུང་བྱས་པར་ཁྲིམས་གཏུག་བྱེད་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། རྒྱ་ནག་གཞུང་འབྲེལ་ཉེན་རྟོག་པས་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་མང་ཁྲིམས་ཁང་དུ་མདུན་དུ། མགོན་པོ་སྐྱིད་དང་བཟའ་ཟླ་ཆོས་སྐྱོང་གཉིས་ནས་ཞུ་རྒོལ་དང་འབྲེལ། རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་གིས་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་དང་བཅར་རྡུང་བྱས་ཡོད་པ་བཞིན། མགོན་པོ་སྐྱིད་དང་བཟའ་ཟླ་ཆོས་སྐྱོང་གཉིས་ནས་སྐབས་དེར་ཉེན་རྟོག་པས་ཁྲིམས་དང་མི་མཐུན་པ་དང་ཚུལ་མིན་གྱི་བཅར་རྡུང་དང་བྱེད་སྤྱོད་སྤེལ་ཡོད་སྟབས། ཕྱི་ཚེས་ ༢༥ ཉིན་མགོན་པོ་སྐྱིད་དང་ནང་མི་གཉིས་ནས་ཁྲིན་ཀོན་ཆུས་མི་མང་ཁྲིམས་ཁང་ལ་སྤྱི་མང་གི་ཐོབ་ཐང་དང་ཉེས་མེད་བཀག་ཉར་དང་བཅར་རྡུང་གི་མིང་ཐོག་ནས། ཁྲིན་ཀོན་ཆུས་ཡན་ལག་ཉེན་རྟོག་སྡེ་ཚན་ཁྲིམས་གཏུག་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མགོན་པོ་སྐྱིད་དང་ཁོང་མོའི་བཟའ་ཟླ་ཆོས་སྐྱོང་གཉིས་ཀྱིས་བོད་ལྗོངས་མི་མང་ཁྲིམས་ཁང་གི་མདུན་དུ། སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་དྲང་བདེན་མིན་པའི་ཁྲིམས་ཆད་ལ་བསྐྱར་ཞིབ་དང་། ནང་མི་ཚོ་ཁོང་དང་ཐུག་འཕྲད་དང་ཀློད་གྲོལ་ཆེད། ཕྱི་ལོ་ ༢༠༢༣ ལོ་གཅིག་པུར་ཕྱི་ཟླ་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། བཅུ་གཉིས་སོ་སོར་ཞུ་གཏུག་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་ཐེངས་མང་འཛིན་བཟུང་དང་བཅར་རྡུང་རིམ་པར་བྱས་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་ཞུ་གཏུག་ལས་འགུལ་དང་འབྲེལ་འཛིན་བཟུང་གིས། མགོན་པོ་སྐྱིད་ལགས་ཉིན་གྲངས་ ༩ རིང་བཀག་ཉར་དང་བཅར་རྡུང་རྗེས་སུ་ཀློད་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་ ༡༥ འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་ཀློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་ མང་འཛིན་བཟུང་དང་འདྲི་རྩད་གཅར་བརྡུང་བྱས་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།