མགོན་པོ་སྐྱིད་ལགས་ནས་ཁྲིམས་ཀྱི་དྲང་བདེན་ཡོང་མིན་ལ་མ་ལྟོས་པར་བསྐྱར་དུ་ཁྲིམས་གཏུག་ལས་འགུལ་སྤེལ་བཞིན་འདུག

2024.10.09
མགོན་པོ་སྐྱིད་ལགས་ནས་ཁྲིམས་ཀྱི་དྲང་བདེན་ཡོང་མིན་ལ་མ་ལྟོས་པར་བསྐྱར་དུ་ཁྲིམས་གཏུག་ལས་འགུལ་སྤེལ་བཞིན་འདུག མགོན་པོ་སྐྱིད་ལགས།
མི་སེར་གསར་འགོད་པ།

ཕྱི་ལོ་ ༢༠༢༤ ཟླ་༡༠ ཚེས་ ༦ ཉིན་རྒྱ་ནག་གི་བཙོན་འོག་ལ་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ནས། དེ་སྔ་ལྷ་ས་གྲོང་ཁྱེར་གྱི་ས་གནས་ཉེན་རྟོག་པ་ཚོས་ཁོང་གི་ཞུ་འབོད་ལས་འགུལ་སྐབས། ཁོང་མོ་གང་བྱུང་འཛིན་བཟུང་བཀག་ཉར་དང་གཅར་རྡུང་བཏང་བ་སོཊ་རྒྱ་ནག་གི་ཁྲིམས་དང་འགལ་ཡོད་པའི་ཁྲིམས་གཏུག་བྱས་པར། ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་མི་དམངས་ཁྲིམས་ཁང་ཟེར་བས་ཁོ་མོའི་ཁྲིམས་གཏུག་ལ་ཁྲིམས་བཤེར་བྱེད་ཁུལ་གྱི་རྣམ་པ་ཙམ་ལས། དྲང་བདེན་གྱི་ཐག་གཅོད་གང་ཡང་བྱས་མེད་སྟབས། ཁོ་མོས་བསྐྱར་དུ་ཁྲིམས་གཏུག་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ད་ལྟའི་ཆར་ཁྲིམས་གཏུག་གི་འགྲོ་རིམ་ཚང་མ་སྒྲུབ་ཡོད་ན་ཡང་རྒྱ་ནག་གི་རྩ་ཁྲིམས་སུ་འཁོད་པ་བཞིན་དྲང་བདེན་གྱི་ཐག་གཅོད་ཅིག་ཡོང་རྒྱུར་རེ་བ་བྱེད་བཞིན་ཡོད་སྐོར། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བདེ་འཇགས་སོགས་ཀྱི་རྐྱེན་གྱིས་མིང་བརྗོད་འདོད་མེད་པའི་གོང་ཞུས་འབྲེལ་ཡོད་ཅིག་གིས་མགོན་པོ་སྐྱིད་ལགས་ནས། བསྐྱར་དུ་ཁྲིམས་གཏུག་གི་བརྒྱུད་རིམ་དང་ཡིག་ཆ་སོགས་ཕུལ་བཞིན་པའི་པར་རིས་བཏང་འབྱོར་བྱུང་བའི་ནང་། ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་མི་དམངས་ཁྲིམས་ཁང་ཟེར་བས་ཁྲིམས་ར་ཚོགས་ཁུལ་གྱིས། ཁྲིམས་གཏུག་གི་ཆ་རྐྱེན་མི་ཚང་བ།  བདེན་དཔང་གི་པར་བརྙན་ཁྲིམས་མཐུན་མིན་པ་དང་། སྤྱི་བདེ་ཉེན་རྟོག་པའི་ཉེན་བརྡ་སྣང་མེད་བཏང་བ་དང་། སྤྱི་བའི་སྒྲིག་ཁྲིམས་ལ་བར་ཆད་བཟོས་ལུགས་བཤད་དེ་དྲང་བདེན་གྱིས་ཁྲིམས་ཞིབ་དང་ཐག་གཅོད་བྱས་མེད་པས། ཁོ་མོས་བསྐྱར་དུ་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ཁྲིམས་གཏུག་བྱས་པ་ཡིན་སྐོར་བཅས་འཁོད་འདུག

མགོན་པོ་སྐྱིད་ལགས་ནས་ལྷ་ས་གྲོང་ཁྱེར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྒོ་མདུན་དུ་ཞུ་གཏུག་ལས་འགུལ་སྤེལ་སྐབས། ཉེན་རྟོག་པ་ཚོས་ཐེངས་མང་པོར་ཞུ་གཏུག་ལས་འགུལ་བ་མགོན་པོ་སྐྱིད་གང་བྱུང་བཙན་འཁྲིད་བཀག་སྐྱིལ་དང་། འཐེན་འདྲུད་གཅར་རྡུང་གིས་སྨན་ཁང་དུ་སྡོད་དགོས་བྱུང་སོགས་ཀྱི་གནས་ཚུལ་རིམ་པར་བྱུང་རྐྱེན། མགོན་པོ་སྐྱིད་ནས་འདི་ལོའི་ཟླ་ ༦ ཚེས་ ༢༧ ཉིན་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་མི་དམངས་ཁྲིམས་ཁང་ཁྲིམས་གཏུག་བྱས་ན་ཡང། ཟླ་ ༩ ཚེས་ ༢༤ ཉིན་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་མི་དམངས་ཁྲིམས་ཁང་ཟེར་བས་ཁྲིམས་ར་ཚོགས་ཁུལ་གྱིས། ཁྲིམས་བཤེར་གྱི་ཆེ་རྐྱེན་མི་ཚང་བའི་དོན་ཚན་གསུམ་གྱི་འོག་ནས་ཁྲིམས་གཏུག་རྩིས་མེད་བཏང་ཡོད་པ་རེད།

རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་ ༡༥ འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་གློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་མང་འཛིན་བཟུང་དང་འདྲི་རྩད་གཅར་རྡུང་བྱས་མྱོང་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎