འབྲོག་པ་མང་ཚོཊ་དབྱར་ས་ནས་གློ་བུར་གནས་སྤོར་བྱེད་དགོས་བའི་བཀའ་བཏང་འདུག
2017.08.30
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་དར་ལག་རྫོང་སྡེར་ནང་ཡུལ་ཚོའི་འབྲོག་པ་མང་ཚོགས་རྩ་ས་ནས་གནས་སྤོ་དགོས་པ་དང་། ཡང་སྡེ་བ་ཁག་ཅིག་ལ་དགུན་སར་སྡོད་མི་ཆོག་པའི་བཀའ་རྒྱ་བཏང་བ་སོགས་ཀྱི་རྐྱེན་འབྲོག་པ་མང་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
དེ་ཡང་བོད་ནས་དེའི་སྐོར་རྒྱུས་མངའ་ཡོད་མཁན་ཞིག་གིས་གསུངས་དོན། རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་དར་ལག་རྫོང་སྡེར་ནང་ཡུལ་མཚོའི་འབྲོག་པ་མང་ཚོགས་ཀྱི་ནོར་ལུག་སེམས་ཅན་གྱི་དབྱར་རྩ་བཀག་འགོག་བྱས་པར་བརྟེན། ཁོང་ཚོས་གོང་རིམ་ལ་དོན་ཚན་ཁག་དྲུག་གི་སྙན་ཞུ་ཞིག་བྲིས་ཡོད་ཀྱང་རྩྭ་ས་བཀག་འགོག་གི་སྲིད་ཇུས་དེ་རྒྱ་ནག་གཞུང་གིས་བཙན་དབང་བཏང་བའི་བྱ་སྤྱོད་ཞིག་ཡིན་སྟབས་ཁོང་ཚོའི་བདེ་སྡུག་སྙན་ཞུར་དོན་འབྲས་སོན་རྒྱུ་ཁག་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་གསུངས་ཡོད་ལ་། ད་དུང་གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས། ཁོང་ཚོ་སྡེར་ནང་ཡུལ་ཚོ་ཁོ་ནའི་ནང་འབྲོག་པ་སྡེ་བ་བདུན་ཙམ་ཡོད་པ་དང་། ལོ་ལྟར་ཕྱི་ཟླ་དྲུག་པའི་ཟླ་མཇུག་དང་བདུན་པའི་ཟླ་འགོ་ཙམ་གྱི་དུས་ཚོད་ཞིག་ལ་ནོར་ལུག་སེམས་ཅན་རྣམས་རྩ་སར་བཏང་སྟེ། ཧ་ལམ་ཟླ་བ་གཉིས་དང་ཉི་མ་ཉི་ཤུ་ཙམ་སྡོད་སྲོལ་ཡོད་ཀྱང་། ད་ལོ་འབྲོག་པ་རྣམས་ཀྱི་ནོར་ལུག་རྩ་སར་བཏང་ནས་སྡོད་པའི་སྐབས་ལ། ས་གནས་རྒྱ་གཞུང་གི་འགོ་ཁྲིད་ནས་འབྲོག་པ་རྣམས་ལ་སེམས་ཅན་རྣམས་གང་མགྱོགས་གནས་སྤོ་དགོས་པའི་བཀའ་རྒྱ་ཡང་ཡང་བཏང་སྟེ་མང་ཚོགས་རྣམས་ལ་བསུན་གཙེར་བཟོས་པར་བརྟེན་ནས། འབྲོག་པ་རྣམས་སེམས་ཅན་གྱི་དབྱར་ས་ནས་གནས་སྤོས་མི་འགྲོ་ཀ་མེད་བཟོས་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད་རེད།
ས་གནས་རྒྱ་གཞུང་གི་འགོ་ཁྲིད་ནས་ཕྱི་ཟླ་བརྒྱད་པའི་ཚེས་༢༣ ་གྱི་གོང་ལ་ངེས་པར་དུ་སེམས་ཅན་རྣམས་རྩ་ས་ནས་གནས་སྤོ་དགོས་པ་དང་། དེ་ནས་ཉིན་གཅིག་ཀྱང་འགོར་འགྱང་བྱེད་མི་ཆོག་པའི་སྐོར་བཤད་པར་བརྟེན་སྡེ་བ་མང་ཆེ་བའི་འབྲོག་པ་མང་ཚོགས་ནས་རིམ་པས་རྩ་ས་གནས་སྤོས་ཡོད་ཀྱང་ཁག་ཅིག་དུས་བཀག་གོང་ལ་སྤོ་མ་ཐུབ་པ་ཚོར་རྒྱ་གཞུང་གི་འགོ་ཁྲིད་ནས་དམག་མི་ཁྲིད་ཡོང་ནས་འཇིགས་སྐུལ་དང་བཙན་དབང་བཏང་སྟེ་ཁོང་རྣམས་དབྱར་ཁའི་རྩ་ས་ནས་ཕྱིར་འབུད་བཏང་བ་མ་ཟད། ཁོང་ཚོས་རྒྱ་སྒོར་ཆིག་སྟོང་རེར་ཉེས་ཆད་འཁུར་དགོས་པའི་སྐོར་བཤད་པ་དང་། གལ་ཏེ་བཀའ་དང་ལེན་བྱེད་འདོད་མེད་པའི་རྣམ་འགྱུར་སྟོན་ཚེ་འཛིན་བཟུང་དང་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུའི་འཇིགས་སྐུལ་ཡང་བྱས་ཡོད་པ་རེད་།
ད་དུང་སྡེར་སྣང་ཡུལ་ཚོའི་ཧོར་ཀོར་སྡེ་བ་དང་། ཁྲག་ཀོར་སྡེ་བ་ལ་དགུན་སར་སྡོད་མི་ཆོག་པའི་བཀའ་བཏང་ཟིན་ཡོད་ཀྱང་ཁོང་རྣམས་ད་ལྟ་འགྲོ་ས་གང་ཡང་མེད་པར་བརྟེན་རང་གནས་སུ་བསྡོད་ཡོད་ཀྱང་སྔ་ཕྱིར་བསུན་བཙིར་བཟོས་ཏེ་དཀའ་ངལ་རིམ་པ་འཕྲད་བཞིན་ཡོད་པར་བརྟེན། འབྲོག་པ་མང་ཚོགས་དེ་དག་གི་གནས་སྟངས་ཇི་ཆགས་ལ་སེམས་ཁྲལ་ཆེན་པོ་གནས་ཡོད་པའི་སྐོར་ངོ་སྤྲོད་གནང་འདུག
གསར་འགོད་པ་ཀུན་བཟང་བསྟན་འཛིན། ཕབ་བཤུས་ཉི་མ་གཡུ་སྒྲོན།