མགོ་ལོག་ཕྱོཊ་སུ་རྒྱ་ཡིག་གི་ཐོག་ནས་སློབ་ཁྲིད་དགོས་བའི་བཀའ་རྒྱ་བཏང་འདུག
2019.05.16
མགོ་ལོག་ཕྱོགས་སུ་སློབ་ཆུང་ཁག་གི་ལོ་རིམ་དང་པོའི་ནང་བོད་ཡིག་སློབ་ཚན་གཅིག་པུ་མ་གཏོགས་གཞན་སློབ་ཚན་ཚང་མ་རྒྱ་ཡིག་ཐོག་འཁྲིད་རྒྱུའི་སློབ་གསོའི་ཐབས་ལམ་ཐོག་འགྲོ་དགོས་པའི་བཀའ་རྒྱ་བཏང་འདུག
མགོ་ལོག་ཕྱོགས་སུ་ད་ལོ་སྟོན་ཁ་ནས་བཟུང་སློབ་ཆུང་ཁག་གི་ལོ་རིམ་དང་པོའི་ནང་བོད་ཡིག་སློབ་ཚན་གཅིག་པུ་མ་གཏོགས་གཞན་ལོ་རྒྱུས་དང་། ས་ཁམས། རྩིས་རིག་དང་དངོས་ལུགས། སྐྱེ་དངོས་སོགས་སློབ་ཚན་ཚང་མ་རྒྱ་ཡིག་ཐོག་འཁྲིད་རྒྱུའི་སློབ་གསོའི་ཐབས་ལམ་ཐོག་འགྲོ་དགོས་པའི་བཀའ་རྒྱ་བཏང་འདུག
ཉེ་ཆར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ལས་ཁུངས་ཀྱིས་རྫོང་སློབ་གསོ་ལས་ཁུངས་སོ་སོར་རྒྱ་ཡིག་གི་ཐོག་གཞུང་འབྲེལ་ཡིག་ཆ་ཨང་ ༢༠༡ འཁོད་པའི་བརྡ་ཐོ་ཞིག་བཀྲམ་པ་དེའི་ནང་། ༢༠༡༩་ལོའི་སྟོན་ཁའི་སློབ་དུས་གསར་པ་འགོ་བཙུགས་པ་ནས་བཟུང་མགོ་ལོག་ཁུལ་གྱི་ཁོངས་གཏོགས་རྫོང་དང་ཡུལ་ཚོའི་སོ་སོའི་སློབ་ཆུང་ལོ་རིམ་དང་པོའི་ནང་སློབ་གསོའི་ཐབས་ལམ་རིགས་གཉིས་པ་ཞེས་པ་ལག་བསྟར་བྱ་དགོས་པ་དང་། དེའང་སློབ་གསོའི་ཐབས་ལམ་རིགས་གཉིས་པ་ཞེས་པ་ནི་བོད་ཀྱི་སྐད་ཡིག་གི་སློབ་ཚན་གཅིག་པུ་མ་གཏོགས་སློབ་ཚན་གཞན་ཚང་མ་རྒྱ་ཡིག་ནང་སློབ་ཁྲིད་བྱ་རྒྱུའི་སློབ་གསོའི་ཐབས་ལམ་དེར་གོ་དགོས་ཞེས་བཀོད་འདུག ད་ལྟ་བར་དུ་མགོ་ལོག་ཁུལ་གཙོས་པའི་རྫོིང་ཁག་སོ་སོའི་ནང་གི་སློབ་ཆུང་ཁག་གི་ནང་རྒྱའི་སྐད་ཡིག་གི་སློབ་ཚན་གཅིག་མ་གཏོགས་གཞན་རྩིས་རིག་དང་དབྱིབས་རྩིས། དངོས་ལུགས་དང་ལོ་རྒྱུས་སོགས་བསླབ་གཞི་གཞན་རྣམས་བོད་སྐད་ཡིག་ནང་སློབ་འཁྲིད་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ད་ཆ་སློབ་ཚན་ཡོངས་རྫོགས་རྒྱ་ཡིག་ནང་སློབ་ཁྲིད་བྱ་རྒྱུ་འདི་ནི་འགྱུར་བ་ཧ་ཅང་གི་ཆེན་པོ་ཞིག་ཡིན་ལ། དེ་སྔོན་ནས་བོད་མི་དང་བོད་དོན་དབྱེ་ཞིབ་པ་མང་པོས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཉམས་ཉེས་ཆེན་པོ་གཏོང་བཞིན་པ་བརྗོད་ཀྱི་ཡོད་པ་དང་། བཀྲིས་དབང་ཕྱུག་ལྟ་བུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་མཁན་ཁག་ལ་རྡུང་རྡེག་དང་བཙོན་འཇུག་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་བྱུང་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གི་གཞུང་འབྲེལ་གྱི་ཡིག་ཆ་དེའི་ནང་མུ་མཐུད། ལག་བསྟར་དེ་ལྟར་བྱེད་དགོས་དོན་ནི་སློབ་ཕྲུག་ཚོར་སློབ་སྤྱོང་གི་གོ་སྐབས་མང་བ་དང་སྐྱེད་སྲིང་གི་ཐབས་ལམ་དང་རྣམ་པ་མི་འདྲ་བ་སྟོན་པའི་ཆེད་ཡིན་ཞེས་དང་། དེ་ནི་མགོ་ལོག་ཁུལ་སློབ་གསོ་ལས་ཁུངས་ཀྱིས་རྫོང་སློབ་གསོའི་ཉམས་ཞིབ་སློབ་སྟོན་ཁང་ཁག་ལ་བསམ་འཆར་བསྡུ་ལེན་བྱས་པའི་རྨངས་གཞིའི་སྟེང་དུ་ཐག་གཅོད་བྱས་པ་ཞིག་ཡིན་ཞེས་བཀོད་འདུག ད་དུང་བརྡ་ཐོ་དེའི་ནང་། ཐག་གཅོད་ལག་བསྟར་བྱ་རྒྱུ་དེ་རིམ་བཞིན་མགོ་ལོག་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་ཡོངས་ལ་བསྒྱུར་བཅོས་བྱེད་རྒྱུ་ཡིན་པ་དང་། རྫོང་སློབ་གསོ་ལས་ཁུངས་སོ་སོས་ལས་དོན་དེའི་ཐད་དོ་སྣང་ཤུགས་ཆེན་པོ་བྱེད་དེ་ལག་བསྟར་འབྱུང་རྒྱུར་རོགས་འདེགས་དགོས་པ་དང་། རྒྱ་ཡིག་ཆུ་ཚོད་ལེགས་པའི་དགེ་རྒན་དག་ལོ་རིམ་དང་པོའི་སློབ་འཁྲིད་ལས་དོན་ལ་མངགས་གཏོང་དགོས་པ། དགེ་རྒན་དང་སློབ་དེབ་ཀྱི་མཐུན་རྐྱེན་རྣམས་དུས་ཐོག་ཏུ་མཁོ་བསྐྲུན་བྱ་དགོས་པ། གང་ལྟར་ད་ལོའི་སྟོན་ཁའི་སློབ་སྐབས་ལ་སློབ་གྲྭ་སོ་སོའི་ལོ་རིམ་དང་པོའི་ནང་ཐག་གཅོད་དེ་ཡོངས་སུ་ལག་བསྟར་བྱེད་ཐུབ་པ་དགོས་ཅིང་། མ་འོངས་པར་དགེ་རྒན་ཚོར་རྒྱ་ཡིག་གི་ཁྲིད་དེབ་གསར་པ་སློབ་ཁྲིད་བྱེད་སྟངས་དང་། རྒྱ་ཡིག་གི་ཆུ་ཚུད་ཡར་རྒྱས་གཏོང་ཕྱོགས་ལ་ཟབ་སྤྱོང་སྤྲོད་རྒྱུ་ཡིན་ཞེས་བཀོད་འདུག
མགོ་ལོག་ཁུལ་སློབ་གསོ་ལས་ཁུངས་ཀྱིས་ཡིག་ཆ་འདི་བཀྲམ་པའི་རྗེས་མགོ་ལོག་གཅིག་སྒྲིལ་རྫོང་གི་སློབ་གསོ་ལས་ཁུངས་ཀྱིས་ཡིག་ཆ་དེའི་ནང་དོན་ཁག་ལག་བསྟར་བྱ་ཐབས་ཀྱི་ཡིག་ཆ་ཞིག་བཀྲམ་འདུག་པ་དེའི་ནང་། སློབ་གྲྭ་ཁག་གི་དགེ་རྒན་ཚོས་རྒྱ་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ཐབས་ལམ་གཉིས་པ་ཞེས་པ་འདིའི་ཐད་སློབ་གྲྭ་ཁག་སོ་སོའི་ནང་དགེ་རྒན་གང་འདྲ་མངགས་གཏོང་དགོས་མིན་ལ་སོགས་པའི་ལག་བསྟར་བྱ་ཐབས་ལ་བགྲོ་གླེང་ཚོགས་འདུ་བསྡུ་དགོས་པ་དང་། བགྲོ་གླེང་གི་གྲུབ་དོན་ཁག་སྤྱི་ཟླ་༥་པའི་ཚེས་༣༠་གོང་ལ་རྫོང་གི་སློབ་སྟོན་ཁང་ལ་སྤྲོད་དགོས་ཞེས་བཀོད་འདུག
མགོ་ལོག་ནི་རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་ཞིག་ཡིན་པ་དང་། སློབ་ཚན་ཁག་བོད་ཡིག་ནང་འཁྲིད་བཞིན་པ་དེ་མེད་པ་གྱུར་ཏེ་རྒྱ་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་སྲིད་བྱུས་དེའི་ཐད་སྤྱི་ཚོགས་དྲ་རྒྱའི་ཐོག་སེམས་འཚབ་དང་སྐྱོན་བརྗོད་བྱ་མཁན་མང་པོ་འབྱུང་བཞིན་ཡོད་འདུག