༧གོང་ས་མཆོག་གི་གྱ་སྟོན་དགེ་སྒྲུབ་ཆེད་བོད་མིའི་དམ་བཅའ།
2015.02.18
༧གོང་ས་མཆོག་གི་གྱ་སྟོན་དགེ་སྒྲུབ་ཆེད་བོད་ནང་བོད་མི་ཚོས་དུ་ཆང་དང་རྒྱན་རྩེད་རིགས་སྤངས་བཞིན་པ་རེད་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་ལོ་དགུང་གྲངས་༨༠་ཕེབས་པའི་སྐུའི་གྱ་སྟོན་དང་འབྲེལ་འཛམ་གླིང་གི་ས་གནས་གང་སར་གནས་པའི་བོད་མི་རྣམས་ཀྱིས་༧མགོན་པོ་གང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་བསྐྱོན་པའི་བཀྲིན་རྗེས་དྲན་ཞུ་བཞིན་པ་མ་ཟད། སྐྱེ་འགྲོ་སྤྱི་དང་ལྷག་དོན་དུ་བོད་མིའི་ཆེད་དུ་སྐུ་ཚེ་ཁྲི་ལོར་བརྟན་པའི་བསྟན་བཞུགས་རིམ་པ་མང་པོ་བསྟར་འབུལ་ཞུ་འཆར་ཡོད་པ་བཞིན་དུ། ༧གོང་ས་མཆོག་གི་གྱ་སྟོན་དང་འབྲེལ་མདོ་ལྷོ་རྨ་ཆུ་དང་། ཀླུ་ཆུ་ཕྱོགས་སུ་བོད་མི་རྣམས་ཀྱིས་དེང་སྐབས་དམར་ཟས་དང་། དུ་ཆང་། རྒྱན་རྩེད་སོགས་སྤངས་ནས་དཀར་པོ་དགེ་བའི་ལས་སྒྲུབ་བཞིན་པ་རེད་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། མཛོད་དགེ་ཉི་མ་དང་། དཔལ་ཝན། རྨ་ཁུག་རྟ་ར། ཚེ་རུ་མ། མ་དམའ། བླ་བྲང་། དངུལ་ར། མགོ་ལོག་བཅས་ཀྱི་བོད་མི་རྣམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ཞབས་རིམ་ཆེད་དམར་ཟས་དང་དུ་ཆང་། རྒྱན་རྩེད་རིགས་སྤངས་པ་མ་ཟད། བོད་མི་ཁག་ཅིག་གིས་ད་ལོ་དུས་ཆེན་ནམ་ཡིན་ལ་དམར་ཟས་སྤངས་ནས་ཁ་འདོན་དགེ་སྦྱོར་སོགས་དཀར་པོའི་དགེ་བའི་ལས་སྒྲུབ་རྒྱུའི་ཁས་ལེན་གནང་བ་སོགས་བརྗོད་བྱུང་། ཡང་ས་གནས་འབྲོག་པ་ཚོས་༧གོང་ས་མཆོག་སྐུའི་རྒྱ་སྟོན་ཡིན་ལུགས་བརྗོད་ནས་སྔ་ལོ་ནས་བཟུང་སེམས་ཅན་མང་པོ་ཚེ་ཐར་བཏང་བ་མ་ཟད། ད་ལོ་ཡང་ནོར་ལུག་དང་ཉ་རིགས་སོགས་སེམས་ཅན་མང་པོ་ཚེ་ཐར་གཏོང་བཞིན་ཡོད་སྐོར་ཡང་ངོ་སྤྲོད་གནང་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།