བོད་ནང་རྒྱ་ནག་གཞུང་གིས་དེང་སྐབས་གཉེར་བཞིན་པའི་གཏན་འཇགས་སློབ་གྲྭ་ཁག་སྒོ་རྒྱབ་དགོས་པའི་འབོད་སྐུལ་གནང་པ།
འཇར་མེན་གྲོས་ཚོགས་ཀྱི་དྲ་རྒྱའི་ཐོག་སྤེལ་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་གནས་ཚུལ་ལྟར་ན། འཇར་མེན་གཞུང་གིས་གྲོས་ཚོགས་སུ་ཉན་ཞིབ་སྐབས་གསལ་བཤད་གནང་སྐབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པར་སེམས་འཚབ་ཆེན་པོ་ཡོད་པ་གསལ་སྟོན་གནང་པ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་པས་བོད་ནང་གི་གཏན་འཇགས་སློབ་གྲྭ་ཁག་སྒོ་རྒྱབ་རྒྱུའི་འབོད་སྐུལ་གནང་པ་དེ་དང་དེ་བཞིན་ཞིང་འབྲོག་མང་ཚོགས་གནས་སྤོའི་ལས་གཞི་ནི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པའི་སྐོར་བཏོན་གནང་ཡོད་པ་དེར་རྒྱབ་སྐྱོར་མོས་མཐུན་ཡོད་པ་བཀོད་འདུག དེ་ཡང་ཕྱི་ཟླ་ ༤ ཚེས་ ༡༩ ཉིན་འཇར་མེ་ནི་ཕྱི་སྲིད་ལས་ཁང་གི་སྐུ་ཚབ་ནས་འཇར་མེན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མི་ཆོས་རིང་ལུགས་རོགས་སྐྱོར་ལྷན་ཁང་གི་ལྷན་ཚོགས་སྐབས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བའི་གནས་སྟངས་ཚབས་ཆེ་ཡོད་པ་འགྲེལ་བརྗོད་གནང་བ་དང་དུས་མཚུངས་འཇར་མེ་ནི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བརྩི་མེད་རྡོག་རོལ་གྱི་གཏོང་བའི་བྱ་སྤྱོད་སྤེལ་བ་འདི་རིགས་ལ་སྣང་ཆུང་བྱ་མི་རུང་བ་ནན་བརྗོད་གནང་ཡོད་པ་རེད། འཇར་མེ་ནིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་སྐུ་ཚབ་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་པའི་སློབ་མ་ཚོ་གཏན་འཇགས་སློབ་གྲྭའི་ནང་སློབ་གཉེར་བྱེད་བཅུག་རྒྱུ་དེ་ཡང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་བཅས་པ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ཆ་ཤས་ཤིག་ཡིན་པ་དང་། དེ་ཡང་བོད་ནང་གི་བོད་པའི་སློབ་མ་བརྒྱ་ཆ་དགུ་ཅུ་ཙམ་གཏན་འཇགས་སློབ་གྲྭའི་ནང་སློབ་གཉེར་བྱེད་བཅུག་ཀྱི་ཡོད་ཅིང་། དེ་བཞིན་རྒྱ་ནག་གཞུང་གིས་འཆར་གཞི་གོ་རིམ་དང་ལྡན་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་སྐོར་གསུངས་པའི་ཁར། ད་དུང་བོད་ནང་འབྲོག་པ་གནས་སྤོས་ཀྱི་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་པ་དེས་བོད་ཀྱི་འབྲོག་པ་ས་ཡ་གཉིས་ཙམ་གྱི་སྲོལ་རྒྱུན་གྱི་འཚོ་གནས་ལ་དོ་ཕོག་ཐེབས་ཀྱི་ཡོད་གསལ་སྟོན་བྱས་ཡོད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།