དགེ་འདུན་ལྷུན་གྲུབ་ལགས་འཛིན་བཟུང་རྗེས་ད་བར་ཁོང་གི་ནང་མིར་ཞིབ་ཕྲའི་གསལ་བཤད་གང་ཡང་བྱས་མི་འདུག

2023.03.15
དགེ་འདུན་ལྷུན་གྲུབ་ལགས་འཛིན་བཟུང་རྗེས་ད་བར་ཁོང་གི་ནང་མིར་ཞིབ་ཕྲའི་གསལ་བཤད་གང་ཡང་བྱས་མི་འདུག སྙན་ངག་པ་དང་རྩོམ་པ་པོ་དགེ་འདུན་ལྷུན་གྲུབ་ལགས།
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་དགེ་འདུན་ལྷུན་གྲུབ་ལགས་ཕྱི་ལོ་༢༠༢༠ལོའི་སྤྱི་ཟླ་༡༢་པའི་ནང་འཛིན་བཟུང་གིས། ད་ལྟའི་ཆར་ལོ་གཉིས་དང་ཟླ་བ་གསུམ་འགྲོ་བཞིན་ཡོད་ཀྱང་ཁོང་གི་ནང་མི་ཚོར་ད་བར་ཁོང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་དང་། ས་གནས་གང་དུ་བཀག་ཉར་དང་བཙོན་འཇུག་བྱས་ཡོད་བརྡ་ལན་དང་གསལ་བཤད་གང་ཡང་བྱེད་ཀྱི་མེད་པ་དང་། ཁོང་གི་ནང་མི་ཚོས་ཁོང་གི་སྐོར་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ནང་རྩད་འཚོལ་དང་ཞུ་གཏུག་རིམས་པར་བྱས་ཀྱང་རེ་འབྲས་གང་ཡང་སོན་མེད་པ། བོད་ནང་དང་བཙན་བྱོལ་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

དགེ་འདུན་ལྷུན་གྲུབ་ལགས་ནང་བསྟན་རྒྱ་བསྒྱུར་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་སྐོར་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད་ལ། ཡང་གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། སྤྱིར་ཡིན་ན་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་ནང་མི་ཚོར་བརྡ་ལན་ཞིག་ཡོད་དགོས་པ་དང་། ཁྲིམས་ཐག་བཅད་རྗེས་བཙོན་ཁང་གཅིག་རང་དུ་བཙོན་འཇུག་བྱེད་ཀྱི་ཡོད་ན་ཡང་།  གནས་ཚུལ་མཁོ་སྤྲོད་པས་ཤེས་རྟོགས་བྱུང་བར་གཞིགས་ན་དགེ་འདུན་ལྷུན་གྲུབ་ལགས་ད་ལྟའི་ཆར་ས་གནས་གཅིག་གི་བཙོན་ཁང་དུ་གཏན་སྡོད་མིན་པར། མཚམས་རེར་རེབ་གོང་རྫོང་བཙོན་ཁང་དང་ལན་རེར་གཅན་ཚ་རྫོང་བཙོན་ཁང་སོགས་སུ་བཀག་ཉར་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་ལ་བཙོན་མཇུག་ཁྲིམས་ཐག་བཅད་མེད་པར་ཆབ་སྲིད་བསྒྱུར་བཀོད་ཀྱི་སློབ་གསོ་གཏོང་གི་ཡོད་པའི་དོགས་གཞི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

སྙན་ངག་པ་དང་རྩོམ་པ་པོ་དགེ་འདུན་ལྷུན་གྲུབ་ལགས་ནི་བོད་ཕྱི་ནང་གཉིས་སུ་ཤེས་ཡོན་པའི་སྡེ་རུ་ཆེ་མཐོང་ཆེན་པོ་ཡོད་ས་ཞིག་དང་། ལྷག་པར་དུ་ཁོང་ནི་ནམ་རྒྱུན་རོང་བོ་དགོན་ཆེན་གཙོའི་བོད་ཁུལ་གྱི་ས་གནས་ཁག་ཏུ་བོད་ཀྱི་ཐུན་མོང་རིག་གནས་ཀྱི་སྐོར་དཔེ་ཁྲིད་སོགས་གནང་མྱོང་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་རྒྱ་ནག་གཞུང་གིས་དགེ་འདུན་ལྷུན་གྲུབ་ལགས་འཛིན་བཟུང་བྱས་རྗེས། ད་བར་ཞིབ་ཕྲའི་གནས་ཚུལ་གསལ་བཤད་གང་ཡང་མེད་པ་དེས།བོད་ནང་གི་ཤེས་ཡོན་པ་དེ་དག་གིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱས་པས་འཛིན་བཟུང་དང་གར་སོང་ཆ་མེད་བཟོ་བཞིན་པ་ལས། གཞན་པའི་ཕྱིར་བསྒྲགས་བྱ་རྒྱུའི་ནག་ཉེས་གང་ཡང་མེད་པས་ཡིན་པ་འགྲེལ་བརྗོད་གནང་བྱུང་།

བཞུགས་སྒར་དུ་བརྟན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། དགེ་འདུན་ལྷུན་གྲུབ་ལགས་སུ་ཕྱི་ལོ་༢༠༢༡ལོའི་ཟླ་༡༢བའི་ཚེས་༡ཉིན་ཟི་ལིང་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་ཁྲིམས་ཐད་བཅད་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད། རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ནི་ཕྱི་ལོ་༡༩༧༤ལོར་རེབ་གོང་མདོ་བ་ཁྱི་རྔ་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་ནས་གྲྭ་པ་བྱས་ཏེ་རེབ་གོང་དར་ཞིང་དགོན་དུ་ཞུགས་ཤིང་། རིམ་གྱིས་རེབ་གོང་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། གསེར་རྟ་བླ་རུང་བཅས་སུ་ཚོགས་ཞུགས་དང་ཟུར་ཞུགས་ཀྱིས་སློབ་གཉེར་བྱས་མྱོང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎