རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༠ལོའི་ཟླ་༡༢ཚེས་༢ཉིན་ནས་བཟུང་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་བམ་སྨྱུག་མིང་ལ་ལྷམ་ཀོག་ལགས། རྒྱུ་མཚན་སོགས་གསལ་ཁ་གང་ཡང་མེད་པར་གློ་བུར་འཛིན་བཟུང་བཙན་ཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་གཉིས་མ་ཟིན་ཙམ་འགྲོ་ཡི་ཡོད་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་ཟི་ལིང་གི་བཀག་སྐྱིལ་ཁང་ཞིག་ཏུ་ཡོད་འདུག

2022.05.24
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༠ལོའི་ཟླ་༡༢ཚེས་༢ཉིན་ནས་བཟུང་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་བམ་སྨྱུག་མིང་ལ་ལྷམ་ཀོག་ལགས། རྒྱུ་མཚན་སོགས་གསལ་ཁ་གང་ཡང་མེད་པར་གློ་བུར་འཛིན་བཟུང་བཙན་ཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་གཉིས་མ་ཟིན་ཙམ་འགྲོ་ཡི་ཡོད་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་ཟི་ལིང་གི་བཀག་སྐྱིལ་ཁང་ཞིག་ཏུ་ཡོད་འདུག
བོད་འབྱོར།

དགེ་འདུན་ལྷུན་གྲུབ་ལགས་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡༢ པའི་ནང་འཛིན་བཟུང་བཙན་ཁྲིད་རྗེས་ཁོང་གང་དུ་ཁྲིད་ཡོད་མེད་དང་ཉེས་ཆད་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་གསལ་ཁ་མེད་པར་གནས་ཡོད་ཅིང་། བར་ལམ་ཞིག་ལ་ཁོང་རྒྱ་ནག་གཞུང་གིས་ནང་བསྟན་རྒྱ་སྒྱུར་གྱི་ལས་གཞི་ཟེར་བ་དེའི་ཆེད་དུ་རྒྱ་ཡིག་རྒྱ་སྐད་ཆེད་སྦྱོང་སློབ་གསོ་སྤྲོད་བཞིན་ཡོད་སྐོར་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པས་བརྗོད་པར་གཞིགས་ན། ཕྱི་ལོ་ ༢༠༡༩ ལོ་མཇུག་ཙམ་ནས་གར་སོང་ཆར་མེད་དུ་གྱུར་རྗེས་ནང་མི་ཉེ་འབྲེལ་ཚོས་ཁོང་གང་དུ་ཁྲིད་ཡོད་མེད་རྩད་འཚོལ་བསྟུད་མར་བྱས་ཤིང་། ཉེ་ཆར་གཞི་ནས་ཁོང་ཟི་ལིང་གི་བཀག་སྐྱིལ་ཁང་ཞིག་ཏུ་ཡོད་པ་ཤེས་རྟོགས་བྱུང་འདུག  འོན་ཀྱང་ཟི་ལིང་གི་བཀག་སྐྱིལ་ཁང་གང་དུ་ཡོད་མེད་དང་ཁོང་གནས་སྟངས་ཇི་འདྲ་ཞིག་གི་འོག་ཡོད་མིན་སོགས་ད་དུང་ཡང་ཤེས་རྟོགས་མེད་པར་ལུས་ཡོད་འདུག
སྔ་་ལོའི་ཟླ་༩ཚེས་༢༧ཉིན་རེབ་གོང་རྫོང་གི་འབྲེལ་ཡོད་ཚན་པས་རྩོམ་པ་པོ་དགེ་འདུན་ལྷན་གྲུབ་ལགས་ཀྱི་ནང་མིར་ཁ་པར་ཞིག་འབྱོར་ཏེ། མི་འགྱང་བར་ཁོང་གི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་བཤད་ཡོད་ན་ཡང་། རྗེས་སུ་གནས་ཚུལ་གང་ཡང་གོ་ཐོས་མེད་པ་ཆགས་ཡོད་པ་རེད།
ཡང་བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཁོང་དང་་དགེ་འདུན་ལྷུན་གྲུབ་ལགས་དང་འབྲེལ་འདྲིས་ཉེ་བོ་ཡོད་པའི་མི་སྣ་ཞིག་དང་འབྲེལ་བ་བྱུང་འདུག་ཅིང་། མི་དེས་གནས་ཚུལ་མཁོ་སྤྲོད་པ་དེར།  དགེ་འདུན་ལྷུན་གྲུབ་ལགས་སུ་ད་དུང་བཙོན་མཇུག་ཁྲིམས་ཐག་བཅད་མེད་པའི་ཚོད་དཔག་བྱེད་བཞིན་པ་དང་། མི་སྣ་དེར་གཞན་འབྲེལ་ཡོད་ཁ་ཤས་ཀྱིས་བཤད་ཚུལ་ལ་བལྟས་ན་དགེ་འདུན་ལྷུན་གྲུབ་ལགས་ཉེན་ཁ་མེད་སའི་དམིགས་བསལབཙོན་ཁང་ལྟ་བུ་ཞིག་གི་ནང་བཞག་ཡོད་སྲིད་ལུགས་བརྗོད་འདུག
རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ནི་ཕྱི་ལོ་༡༩༧༤ལོར་རེབ་གོང་མདོ་བ་ཁྱི་རྔ་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་ནས་གྲྭ་པ་བྱས་ཏེ་རེབ་གོང་དར་ཞིང་དགོན་དུ་སློབ་སྦྱོང་གནང་པ་དང་། རིམ་གྱིས་རེབ་གོང་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། གསེར་རྟ་བླ་རུང་བཅས་སུ་ཚོགས་ཞུགས་དང་ཟུར་ཞུགས་ཀྱིས་སློབ་གཉེར་བྱས་མྱོང་ཡོད་པ་རེད།  ཕྱི་ལོ་༡༩༩༤ལོ་ནས་སྙན་ངག་གསར་རྩོམ་ལ་ཞུགས་ཏེ་རྐང་གླིང་སྐྱ་བོ་དང་ལྷ་ཆེན་པོའི་སྙན་ངག། ཕྲེང་བ་ནག་པོ །མི་ཚེའི་དབྱངས་རྟ། གླེགས་བམ་དཀར་པོ་སོགས་བརྩམས་ཆོས་དེབ་ཁག་ཅིག་སྤྱི་ཚོགས་ཁྲོད་དཔར་སྐྲུན་འགྲེམས་སྤེལ་བྱས་ཏེ། བོད་ཀྱི་ཤེས་ཡོན་པའི་སྡེ་ནས་ཁོང་གི་སྙན་ངག་དང་རྩོམ་རྩལ་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎