བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྲིད་བྱུས་འཆར་འགོད་ཆེད་མི་མང་གི་བསམ་ཚུལ་བསྡུ་རུབ་ཟེར་བ་ནི་རྣམ་པ་ཙམ་ལས་དོན་དངོས་གང་ཡང་མིན་སྐོར། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

ཟླ་ ༡༠ པའི་ཚེས་ ༡༧ ཉིན་རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བས། བརྡ་ཁྱབ་ཅིག་བཏང་སྟེ་ ༢༠༢༥ ལོའི་སྲིད་གཞུང་གི་ལས་དོན་འཆར་འགོད་ཆེད་དང་། སྲིད་གཞུང་གི་ལས་དོན་སྐོར་ལ་མི་མང་གི་བསམ་ཚུལ་བསྡུ་རུབ་བྱ་རྒྱུ་དང་། བསམ་ཚུལ་དེ་དག་བོད་ནང་ཡུན་རིང་བརྟན་བརླིང་དང་། སྤུས་ཚད་མཐོ་བའི་ཡར་རྒྱས་ལ་ནུས་པ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད། སྲིད་གཞུང་གི་ལས་དོན་གྱི་ཐབས་ལམ་གྱི་ངོ་བོར་བསྒྱུར་རྒྱུ་ཡིན་པ་སོགས་བསྒྲགས་འདུག་ན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་ཉམ་རྒུད་ཤུགས་ཆེར་ཡོང་གི་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་བསམ་ཚུལ་བཞིན་ལས་ཀ་བྱེད་བཞིན་ཡོད་པའི་རྣམ་པ་ཙམ་སྟོན་ཐབས་ལས། མི་མང་གི་བསམ་ཚུལ་བཞིན་དོན་དངོས་ཀྱི་ལས་ཀ་བྱེད་བཞིན་པ་ཞིག་རྩ་ནས་མིན་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་མི་དམངས་ཉིན་རེའི་ཚགས་པར་ཟེར་བ་གཉིས་ནས་བཏང་བའི་མི་མང་གི་བསམ་ཚུལ་བསྡུ་ལེན་ཟེར་བ་དེའི་ནང་། མི་མང་གི་བསམ་ཚུལ་བསྡུ་ཡུལ་གཙོ་བོ་ ༢༠༢༥ ལོའི་བོད་རང་སྲིད་རང་སྐྱོང་མི་མང་སྲིད་གཞུང་གིས་གཏན་འབེབས་བྱས་པའི་གཙོ་གནད་ལས་འཆར་བཅུ་བཞི་སྟེ། སྤྱི་ཚོགས་ཀྱི་འཛིན་སྐྱོང་དང་། དཔལ་འབྱོར་ཡར་རྒྱས། སྐྱེ་ཁམས་ཁོར་ཡུག མཐའ་མཚམས་ཡར་རྒྱས་དང་དར་རྒྱས། མི་རིགས་དང་ཆོས་ལུགས། གྲོང་གསེབ་བསྐྱར་གསོ། ཚན་རིག་དང་འཕྲུལ་རིག་གསར་གཏོད། སྤྱི་ཚོགས་བདེ་འཇགས། ལས་ཞུགས་དང་ཁེ་ལས། རིག་གཞུང་། འཕྲོད་བསྟེན། བདེ་སྐྱིད། སྒྱུར་བཅོས་གཏིང་ཟབ་གཏོང་བ། ཚོང་ལས་ཀྱི་ཁོར་ཡུག། སྲིད་གཞུང་གི་ལས་དོན་བཅས་ཀྱི་སྐོར་སོགས་ཀྱི་ཆེད་ཡིན་སྐོར་བརྗོད་འདུག་ལ། ཡང་ཟླ་བ་ཚེ་རིང་ལགས་ནས་མུ་མཐུད། རྒྱ་ནག་གཞུང་གིས་སྲིད་གཞུང་གི་འཐུས་ཤོར་རིགས་མི་མང་གི་བསམ་ཚུལ་ཐོག་གཡུག་ཐབས་ཆེད། དེང་སྐབས་མི་མང་གི་བསམ་བློའི་ནང་དུ་གང་ཡོད་ཚོད་ལྟའི་ཆེད། མི་མང་གི་བསམ་ཚུལ་ཟེར་བ་སོགས་ཀྱི་ལས་གཞི་སྤེལ་བཞིན་པ་ཞིག་ཆགས་ཀྱི་ཡོད་པ་བརྗོད་བྱུང་།
རྒྱ་ནག་གཞུང་ངོས་ནས་བསམ་ཚུལ་དེ་རིགས་ཟླ་ ༡༠ པ་ནས་ ༡༢ པའི་ཚེས་ ༡༥ བར་བསྡུ་རྒྱུ་ཡིན་པ་དང་། མང་ཚོགས་ཀྱི་སྤྱི་ཚོགས་གནས་རིམ་འདྲ་མིན་ནས་བསམ་ཚུལ་གཏོང་ཆོག་ན་ཡང་། མི་མང་གིས་བསམ་ཚུལ་གང་ཡོད་རྣམ་དཔྱོད་ལྡན་པའི་སྒོ་ནས་མཉམ་སྤུངས་བྱེད་པར་དགའ་བསུ་ཞུ་རྒྱུ་མ་ཟད། སྤྱི་ཚོགས་དྲ་ལམ་སྟེང་གི་མི་མང་གི་བསམ་ཚུལ་ལ་རྗེས་འདེད་བྱ་རྒྱུ་ཡིན་པ་སོགས་བརྗོད་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་མི་མང་གི་བསམ་ཚུལ་བསྡུ་རུབ་ཟེར་བ་སོགས་ཀྱི་ལས་གཞི་ཧ་ཅང་ཉུང་ཉུང་ཡིན་ཞིང་། དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་ཉམ་རྒུད་དང་འབྲེལ། མཐོ་སློབ་མཐར་ཕྱིན་སློབ་མ་གཙོས་སྤྱི་ཚོགས་ཐོག་ལས་མེད་ཀྱི་གྲངས་འབོར་ཤུགས་ཆེར་འཕར་བཞིན་པ་དང་། འདི་ལོའི་ལོ་མགོར་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་རྐྱེན་གྱིས་བོད་ཀྱི་ལྷ་ས་ཁུལ་དུ་མི་མང་གི་འཚོ་བ་དང་ཚོང་ལས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད་ལ། དེ་མིན་རྒྱ་ནག་གཞུང་གིས་འདི་ལོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕར་ཚད་འཆར་གཞི་བརྒྱ་ཆ་ ༨ ལ་བཟུང་ཡོད་ཅེས། སྔ་ལོ་དང་བསྡུར་ན་བརྒྱ་ཆ་གཅིག་དམའ་རུ་ཕྱིན་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།