ཨ་མེ་རི་ཀས་རྒྱ་ནག་གི་གོ་མཚོན་འཕེལ་རྒྱས་ལ་བློ་འཚབ།
2011.01.09
༄༅༎རེས་གཟའ་སྤེན་པའི་ཉིན་ཨ་མེ་རི་ཀའི་སྲུང་སྐྱོབ་དྲུང་ཆེ་སྐུ་ཞབས་རོ་སྦཏ་གེཏ་སི་ཡིས། རྒྱ་ནག་ཕྱོགས་ནས་གོ་མཚོན་གསར་པ་འཕེལ་རྒྱས་གཏོང་བཞིན་པའི་གནད་དོན་ཐོག་ཨ་མི་རི་ཀའི་ཕྱོགས་ནས་བློ་འཚབ་ཡོད་པའི་བཀའ་མོལ་གསུང་པ་རེད།
དེ་ཡང་སྐུ་ཞབས་རོ་སྦཏ་གེཏ་སི་རེས་གཟའ་ཉི་མ་ནས་རྒྱ་ནག་ཏུ་ཉིན་གསུམ་རིང་གི་འཚམས་འདྲི་འགོི་བཙུགས་གནང་རྒྱུའི་སྔ་རོལ་གྱི་རེས་གཟའ་སྤེན་པའི་ཉིན་གསར་འགོད་པའི་འདུ་འཛོམས་ཐོག་རྒྱ་ནག་ཕྱོགས་ནས་གོ་མཚོན་ལྡན་པའི་དམག་གི་གནམ་གྲུ་གསར་པ་བཟོ་སྐྲུན་གྱི་ལས་གཞི་དེ་ནི། ཨ་མེ་རི་ཀའི་དམག་དོན་ལ་ཧ་ཅང་གི་ཉེན་ཁ་བཟོ་བ་ཡིན་པས་ང་ཚོས་ངེས་པར་དུ་ལས་དོན་དེའི་ཐོག་ལ་གཟབ་ནན་གྱིས་དོ་སྣང་བྱེད་དགོས་པ་མ་ཟད། ང་རང་ཚོའི་དམག་དོན་གྱི་ལས་གཞིའི་ནུས་སྟོབས་ཀྱི་ཐོག་ནས་དེར་འོས་ཞིང་འཚམས་པའི་བརྡ་ལན་སྤྲོད་དགོས་ངེས་རེད། འོན་ཀྱང་སྔོན་ལ་རྒྱ་ནག་གི་ལྷན་དུ་གལ་འགངས་ཆེ་བའི་གྲོས་མོལ་གྱི་ཁ་ཕྱོགས་ཡར་རྒྱས་གཏོང་རྒྱུ་གལ་འགངས་ཆེན་པོ་ཡིན་པས་ད་རེས་ཁོང་རྒྱ་ནག་ཏུ་འཚམས་འདྲི་གནང་བར་ཕེབས་རྒྱུ་དེའི་ཐོག་ནས་རྒྱ་ནག་གི་ལྷན་དུ་སྲུང་སྐྱོབ་འབྲེལ་ལམ་གཏིང་གཟབ་ཏུ་འགྲོ་རྒྱུའི་ལས་དོན་གྱི་རྨང་གཞི་གཏིང་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གསུང་ཡོད་པ་རེད།
བར་ལམ་ཨ་མེ་རི་ཀ་དང་རྒྱ་ནག་གཉིས་དབར་གྱི་སྲུང་སྐྱོབ་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ་ལོ་གཉིས་འགྲོ་བ་གི་ཡོད་དང༌། དེ་ནི་ཨ་མེ་རི་ཀའི་ཕྱོགས་ནས་ཐེ་དབན་ལ་དམག་དོན་གྱི་གོ་མཚོན་ཚོང་འགྲེམས་བྱས་པའི་གནད་དོན་གྱིས་རྐྱེན་པས་རྒྱ་ནག་གཞུང་ཁོང་ཁྲོ་བྱས་ཏེ། རྒྱ་ནག་གི་ཕྱོགས་ནས་ཨ་མེ་རི་ཀ་དང་དམག་དོན་འབྲེལ་ལམ་མཚམས་འཇོགས་བྱས་པ་ཞིག་ཡིན་ཞིང༌། འོན་ཀྱང་ད་ཆ་ཕྱོགས་ཀའི་ངོས་ནས་སྲུང་སྐྱོབ་གྱི་འབྲེལ་ལམ་དེ་ཡར་རྒྱས་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་འདུན་པ་བྱེད་པ་བཞིན། རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་རིང་མིན་ཕྱི་ཟླ་དང་པོའི་ཚེས་༡༩ཉིན་འདི་ག་ཨ་མེ་རི་ཀར་འཚམས་འདྲིར་འབྱོར་གྱི་ཡོད་པར་བརྟེན། སྐུ་ཞབས་རོ་སྦཏ་གེཏ་སི་ཡིས་གསུང་ན། སྲིད་འཛིན་ཧུ་ཇིན་ཐའོ་ཨ་རིར་འཚམས་འདྲིར་མ་ཡོང་གོང་ལ་ཁོང་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུར་རྒྱ་ནག་གི་འདོད་པ་ཡོད་པ་གསལ་པོ་རེད་གསུང་ཡོད་པ་མ་ཟད། ཁོང་གི་སྐུ་སྒེར་གྱི་དགོངས་ཚུལ་ནི། ཨ་མེ་རི་ཀ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ནི། དོན་ཕན་ལྡན་པ་དང་གོ་དོན་རྟོགས་ཐུབ་པའི་བཟང་ཕྱོགས་ཀྱི་འབྲེལ་ལམ་ཞིག་ཡོང་རྒྱུ་ནི། རྒྱལ་ཁབ་གཉིས་པོར་ཕན་ཐོགས་ཡོད་པ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ལའང་ཕན་ཐོག་ཡོད་པ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།