འགར་རྩེ་འཇིགས་མེད་ལགས་མི་ལོ་ལྔའི་རྗེས་ནས་བཙོན་བཀྲོལ་བྱུང་འདུག
2018.02.05
བཙན་པོའི་སྙིང་སྟོབས་ཞེས་པའི་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་རྒྱ་ནག་གི་བཙོན་ཁང་ནས་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་མི་ལོ་ལྔ་ཁྲིམས་ཐག་བཅད་པའི་བཙན་པོའི་སྙིང་སྟོབས་ཞེས་པའི་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་བཙོན་འཇུག་དུས་ཡུན་གཙང་ནས་སྤྱི་ལོ་༢༠༡༨་ལོའི་ཟླ་༢་པའི་ཚེས་༤་ཉིན་བཙོན་གྲོལ་བྱུང་ནས་ཕ་ཡུལ་ལ་འབྱོར་ཡོད་པ་དང་། འབྲེལ་ཡོད་ནས་བརྗོད་ན། སྐབས་དེར་ཁོང་གི་ནང་མི་སྤུན་མཆེད་དང་། ངོ་ཤེས་གྲོགས་པོ། ལྷག་པར་དགོན་པའི་དགེ་འདུན་པ་ཚོས་ཕེབས་བསུ་དང་མཉམ་ཁ་བཏགས་འཐེན་ནས་ཁམས་འདྲི་ཞུས་ཡོད་པ་ལས་གནས་སྐབས་སྐུ་གཟུགས་ཀྱི་གནས་སྟངས་སོགས་ཁ་གསལ་མེད་པ་བརྗོད་བྱུང་།
ཡང་གནས་ཚུལ་ཡོང་ཁུངས་གཞན་གྱིས་བརྗོད་ན། འགར་རྩེ་འཇིགས་མེད་ལགས་གློད་བཀྲོལ་བཏང་ཡང་ལོ་གཅིག་གི་རིང་ལ་ཕྱིར་དགོན་པར་ཞུསག་མི་ཆོག་པ་དང་། ཚོགས་སྡེ་ཁག་ལ་གཏམ་བཤད་སོགས་བྱེད་པར་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག
ཁོང་དེ་སྔ་༢༠༡༣་ལོའི་ཟླ་དང་པོའི་ཚེས་༡ཉིན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་གློ་བུར་འཛིན་བཟུང་བྱེད་སྐབས་ཤག་ལ་འཛུལ་ནས་ནང་དང་རྩིས་འཁོར་སོགས་ཡོངས་སུ་སྔོག་བཤེར་བྱས་པ་དང་། སྐབས་དེར་ཕྱི་ལ་འདོན་སྤེལ་བྱས་མ་ཐག་པའི་བཙན་པོའི་སྙིང་སྟོབས་ཞེས་པའི་དཔེ་དེབ་ནང་ཆབ་སྲིད་ཀྱི་དོགས་གཞི་ཡོད་ཚུལ་བཤད་བཞིན་པ་ལྟར་བཙན་པོའི་སྙིང་སྟོབས་ཀྱི་དཔེ་དེབ་ཡང་བཀག་སྡོམ་དང་། ཕྱིར་བསྡུ་བྱས་ཐོག་རིང་པོར་མ་སོང་བར་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དུ་ཁོང་ལ་མི་ལོ་༥ འི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་ཙ་ན་འགར་རྩེ་འཇིག་མེད་ལགས་ནི་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་འགར་རྩེ་ཤང་ཁོངས་ཀྱི་ རྩེ་གཞུང་མགོན་ཤུལ་ཚོ་ཆེན་བཅུའི་ནང་ཚན་སྒར་བ་འཚོ་བ་རུ་སྐྱེས་ཤིང་། མགར་རྩེ་དགོན་པའི་དགེ་འདུན་པ་ཡིན་པ་རེད། ༡༩༩༩ནས་གསར་རྩོམ་གྱི་ལས་ལ་ཞུགས་ནས་རྩོམ་རིག་བྱ་དགའ་མི་ཉུང་བ་ཐོབ་ཡོད་ལ་སྐབས་དེར་ཁོང་གི་བརྩམས་ཆོས་ཐོག་མ <བསམ་གཞིགས་ཉུལ་བའི་ཟིན་ཐོ་>སྤྱི་ཚོགས་སྟེང་དུ་བཀྲམ་པས་ཀློག་པ་པོ་དག་གིས་དགའ་བསུ་ཐོབ། ད་དུང་ཚད་མ་དང་། ཕར་ཕྱིན་བཅས་ལ་སློབ་གཉེར་བྱས་ཏེ་ཕྱི་ལོ་༢༠༠༣ ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག དབུ་མ། མཛོད། འདུལ་བ་བཅས་གཞུང་ཆེན་ལྔ་ལ་སྦྱང་བ་མི་དམན་པ་བྱས། ད་ལྟ་རྩོམ་པ་པོ་འགར་རྩེ་འཇིགའ་མེད་ལགས་ཁོང་དགུང་ལོ་སོ་དྲུག་སླེབས་ཡོད་པ་དང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ཀྱི་འདས་མ་འོངས་ད་ལྟའི་བདེ་སྡུག་གསལ་བར་སྟོན་བྱེད་བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་ཅིག་བཏོན་པ་ནས་རྒྱ་གཞུང་གིས་༢༠༡༡་ལོའི་ཟླ་བཞི་བར་ཁོང་ས་གནས་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་མྱོང་བ་དང་། འདྲི་གཅོད་དང་དཀའ་ཁག་མི་ཉུང་བ་ཞིག་མྱང་ཡོད་འདུག་ཁོང་ནི་རྒྱུན་དུ་བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་སྐྱེས་བུ་ཞིག་ཡིན།
ཁོང་གི་བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་ཕྲེང་གཉིས་བའི་ནང་བོད་མིའི་རང་ལུས་མེར་སྲེག་དང་། བཙན་བྱོལ་གཞུང་། གོང་ས་མཆོག་དང་། ཀུན་གཟིགས་པན་ཆེན། ཆོས་བརྒྱུད་བླ་ཆེན་ཁག་བོད་ཀྱི་ཐོབ་ཐང་དང་། ཞི་རྒོལ་བོད་ཀྱི་ཁོར་ཡུག་དང་། གྲངས་ཉུང་མི་རིགས་དང་པེ་ཅིན་གཞུང་བར་སྐོར་སོགས་རེ་རེ་བཞིན་དོན་ཚན་ཉེར་ལྔའི་ལམ་ནས་གསལ་སྟོན་བྱས་ཡོད་འདུག
གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་དང་། སངས་རྒྱས་རྡོ་རྗེ།