༸གོང་ས་མཆོག་མཚན་སྙན་ཆེ་བའི་སྲིད་དོན་པའི་ཁོངས་སུ་ཡོད།
2011.02.06
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་མེས་པོ་དམ་པ་མ་ཧཏ་མ་གེན་རྡི་རྣམ་གཉིས་རེས་གཟའ་ཉི་མའི་ཉིན་ཀྲའེམ་ཞེས་པའི་དུས་དེབ་ཀྱིས་འཛམ་གླིང་ནང་གི་ཆབ་སྲིད་པ་མཚན་སྙན་ཆེ་བ་༢༥ མཚན་གཞུང་འདོན་སྤེལ་བྱས་པའི་ཁོངས་སུ་ཡོད་པའི་སྐོར་དེ་རིང་རྒྱ་གར་གྱི་IANS གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་ཀྲའེམ་དུས་དེབ་ཀྱིས། མ་ཧཏ་གེན་རྡི་མཆོག་ནི། རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའི་ཆབ་སྲིད་པ་ཞིག་ཡིན་པ་མ་ཟད། དེ་སྔ་རྒྱ་གར་དབྱིན་ཇིའི་མངའ་འོག་ཏུ་གནས་པའི་སྐབས་ཞི་བའི་ཐོག་ནས་དབྱིན་ཇིའི་དབང་བསྒྱུར་ལ་ངོ་རྒོལ་བྱས་ཏེ། རྒྱ་གར་རང་བཙན་འཐབ་རྩོད་པའི་མེས་པོར་གྱུར་བའི་ལོ་རྒྱུས་དྲན་གསོ་བྱས་ཏེ། ཁོང་ནི་རྒྱ་གར་མི་དམངས་ཚོར་ཞི་བའི་ཐབས་ལམ་གྱི་ཐོག་ནས་ཕྱི་རྒྱལ་དབང་བསྒྱུར་པར་ངོ་རྒོལ་བྱེད་པའི་ལམ་སྟོན་གྱི་བྱེད་པོ་ཡིན་པ་མ་ཟད། ཕྱི་ལོ་༡༩༣༠ ནང་དབྱིན་ཇིར་ཚྭའི་དཔྱ་ཁྲལ་ལ་ངོ་རྒོལ་བྱས་ཏེ། Salt March ཞེས་ཚྭ་ཉོ་ཚོང་མི་བྱེད་པའི་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྣེ་ཁྲིད་གནང་བ་བརྒྱུད། ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་པའི་ལས་དོན་དེའི་རྨང་གཞིའི་ཁ་ཕྱོགས་མཛུབ་སྟོན་གནང་མཁན་ཞིག་ཡིན་པ་དང༌། ཁོང་གིས་སྣེ་ཁྲིད་པའི་མི་དམངས་ཀྱི་ལས་འགུལ་དེ་ཡིས་ཨ་མི་རི་ཀའི་ནང་མི་རིགས་ཀྱི་ཐོབ་ཐང་འཐབ་རྩོད་ཀྱི་རྨང་གཞིར་གྱུར་ཡོད་པ་སོགས་མི་དམངས་ཀྱི་ལས་འགུལ་མང་པོ་ཞིག་གི་རྨང་གཞི་འམ་མིག་དཔེ་ལྟ་ཡུལ་ཞིག་བྱུང་ཡོད་པའི་སྐོར་བཀོད་ཡོད་པ་རེད། དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་མིའི་རང་དབང་འཐབ་རྩོད་ཀྱི་བདེན་པ་རྩོད་ལེན་གནང་མཁན་དང༌། ཆོས་ཕྱོགས་ཀྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཀྱང་ཡིན་པ་དང༌། ཕྱི་ལོ་༡༩༥༩ ནས་རྒྱ་གར་དུ་བཙན་བྱོལ་གནང་སྟེ་བཞུགས་པའི་རིང་གི་མི་ལོ་བཅུ་ཕྲག་འགའ་ཤས་དེའི་རིང་ལ་སྐུ་ལྷོད་བཞུགས་ཙམ་མེད་པར་རྒྱ་ནག་དང་བོད་དབར་གྱི་ཛ་དྲག་གི་དཀའ་ངལ་སེལ་ཐབས་དང་འཛམ་གླིང་ཞི་བདེའི་ཐོག་ཕྱག་ལས་གནང་སྟེ། རྒྱ་གར་གྱི་མེས་པོ་དམ་པ་མ་ཧཏ་མ་གེན་རྡི་མཆོག་དང། ཨ་མི་རི་ཀའི་མི་རིགས་ནག་པོའི་རང་དབང་འཐབ་རྩོད་པ་མའར་ཀྲིན་ལུ་ཐར་ཀིང་དང་འདྲ་བའི་འཚེ་མེད་ཞི་བདེ་དང༌། འཆམ་མཐུན་གྱི་ལྟ་གྲུབ་དང་ལམ་ཕྱོགས་ཀྱི་ཐོག་ནས་ཕྱག་ལས་གནང་མཁན་གྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་པ་བཀོད་ཡོད་པ་རེད།།