གཞིས་བྱེས་སྨར་ཁམས་པའི་བརྟན་བཞུགས་སྐབས་དགའ་ལྡན་ཁྲི་རིན་པོ་ཆེས་༸གོང་ས་མཆོག་གི་བཀའ་བསྒྲུབ་རྒྱུ་དང་བོད་མི་ནང་ཁུལ་མཐུན་ལམ་དགོས་པའི་བཀའ་གནང་སོང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བསྒྲུབ་རྒྱུ་དང་བོད་མི་ནང་ཁུལ་མཐུན་སྒྲིལ་གྱིས་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོངས་རྒྱུར་འབད་བརྩོན་དགོས་སྐོར་སྐྱབས་རྗེ་དགའ་ཁྲི་རིན་པོ་ཆེ་མཆོག་ནས་གང་ཉིད་ལ་སྨར་ཁམས་གཞིས་བྱེས་བོད་མི་རྣམས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་བཀའ་སློབ་གནང་སོང་།
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༠༣ ཉིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་པ་ ༡༠༥ པ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྨར་ཁམས་པ་གཞིས་བྱེས་བོད་མི་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་དོན་གཙོ་བོ་ནི་སྤྱིར་སངས་རྒྱས་བསྟན་པ་རྒྱས་པ་དང་། ཡང་སྒོས་སྨར་ཁམས་པའི་ལོ་རྒྱུས་ཀྱི་ནང་ད་ཐེངས་དགའ་ལྡན་ཁྲི་པ་ཕེབས་པ་དེ་ནི་ཐོག་མ་དེ་ཡིན་དུས་ཁྲི་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་ཕྱིར་བརྟན་བཞུགས་འདེགས་འབུལ་ཞུས་པ་ཡིན་སྐོར་སྨར་ཁམས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུང་གནང་བྱུང་།

ད་ལན་བརྟན་བཞུགས་དེ་རྗེ་ཚད་འཛིན་མའི་ཆོ་གའི་སྒོ་ནས་གནང་ཞིང་། བརྟན་བཞུགས་རྡོ་རྗེ་སློབ་དཔོན་རྒྱུད་སྟོད་མཁན་ཟུར་གངས་དཀར་རིན་པོ་ཆེ་བློ་བཟང་དཀོན་མཆོག་གིས་མཎྜལ་ལྗགས་བཤད་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། དེ་རིང་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་བའི་སྐབས་སུ་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པའི་དབུས་པའི་དགེ་འདུན་འདུས་མང་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གཙོས་པའི་བཀའ་ཟུར་དང་ཕྱོགས་བཞུགས་སྤྱི་འཐུས། དེ་བཞིན་ས་སྐྱ་ཁྲི་འཛིན་ཞེ་གཉིས་པའི་བདག་མོ་སྐལ་ལྡན་ལགས་ཀྱི་གཙོས་པའི་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་འདྲ་མིན་ནས་ཕེབས་པའི་སྨར་ཁམས་པ་སྐྱ་སེར་མི་མང་ ༡༠༠༠ ཙམ་ཕེབས་ཞུགས་གནང་འདུག་ལ། བརྟན་བཞུགས་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ད་ཐེངས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་བརྟན་བཞུགས་མཛད་སྒོར་བཅར་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་སྐལ་བ་བཟང་པོ་བྱུང་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞི་རྩའི་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེའི་མཚུངས་མེད་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་ཀྱིས་སྩལ་བའི་ཕྱག་རྟགས་རིན་པོ་སྩལ་ཏེ། རིན་པོ་ཆེ་མཆོག་དགའ་ལྡན་ཁྲི་ཐོག ༡༠༥ པར་བསྐོ་བཞག་བཀའ་དྲིན་སྩལ་ཡོད་པ་རེད། །
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།