ག་ད་ཕིས་བར་བརྒལ་གཞུང་འཛུགས་ཆེད་གྲོས་མོལ་བྱེད་འདོད།
2011.08.28
༄༅༎ལི་བི་ཡའི་སྲིད་དབང་གཅིག་སྡུད་པ་མོ་ཨ་མར་ག་ད་ཕི་ཡིས་ཕྱོགས་འགལ་རྒྱལ་ཡོངས་བར་བརྒལ་གཞུང་འཛིན་ལྷན་ཚོགས་མཉམ་དུ་གྲོས་མོལ་བྱ་འདོད་ལུགས་མགྲིན་ཚབ་པ་མུ་ས་ཨིབ་ར་ཧིམ་གྱིས་བཤད་ཡོད་ཀྱང་སྲིད་དབང་གཅིག་སྡུད་པ་ག་ད་ཕི་ཡིས་མགོ་བཏགས་མ་ཞུས་བར་གྱེན་ལོག་ཤོག་ཁག་གིས་གྲོས་མོལ་གནང་ཐབས་མེད་ལུགས་གསལ་བསྒྲགས་གནང་འདུག
ག་ད་ཕི་ཡི་བུ་ས་རྡི་ག་ད་ཕི་ཡིས་གྲོས་མོལ་གྱི་འགོ་ཁྲིད་བྱ་རྒྱུ་ཡིན་ལུགས་དང་། རྒྱལ་ས་ཀྲིརི་པོ་ལི་རུ་གནས་སྡོད་བྱེད་མི་མི་མང་ས་ཡ་གཉིས་ཀྱི་སྲོག་སྐྱོབ་བྱ་འདོད་ཡོད་ལུགས་སོགས་བཤད་ཡོད་པ་རེད། འོན་ཀྱང་རྒྱལ་ས་ཀྲི་རི་པོ་ལི་ཡོངས་ལ་གྱེན་ལོག་ཤོག་ཁག་གིས་དབང་བསྒྱུར་ཟིན་ཡོད་པ་དང་། ད་དུང་ཁུག་སྐྱོག་ས་ཁུལ་རེ་ཟུང་ནང་དམག་འཐབ་བྱེད་བཞིན་པ་རེད།
ལི་བི་ཡའི་རྒྱལ་ས་ཀྲི་རི་པོ་ལི་ནང་འཐུང་ཆུ་དང་རྡོ་སྣུམ་དཀོན་པའི་དཀའ་ངལ་སེལ་ཆེད་ཕྱི་ནས་འོར་འདྲེན་བྱེད་བཞིན་པ་དང༌། ག་ད་ཕི་ཡི་དམག་མིས་ཞི་བའི་མི་མང་སྡེབ་གསོད་བཏང་བའི་ཕུང་པོ་རུལ་ནས་དྲི་ངན་གྱི་ཁྱབ་པའི་ས་ཁུལ་ཁག་ཅིག་དངོས་མཐོང་བྱུང་ཡོད་པ་རེད། སྲིད་དབང་གཅིག་སྡུད་པ་ག་ད་ཕི་གང་དུ་ཡོད་མིན་ཤེས་རྟོགས་མེད་ཀྱང་ལི་བི་ཡ་ནང་ཡོད་ལུགས་ཁོང་གི་མགྲིན་ཚབ་པས་གསར་འགྱུར་བརྒྱུད་ལམ་ལ་གསུངས་གནང་འདུག གྱེན་ལོག་ཤོག་ཁག་གིས་ག་ད་ཕི་སྐྱེས་ཡུལ་གྲོང་ཁྱེར་སིར་ཏི་ཕྱོགས་སུ་དམག་འཐབ་བྱེད་བཞིན་པ་དང༌། ཕྱོགས་གཉིས་དམག་འཐབ་གཡོལ་ཐབས་སུ་གྲོས་མོལ་ལམ་ནས་གྲོང་ཁྱེར་གྱི་རྒན་པོ་རྣམས་ཀྱིས་མགོ་བཏགས་ཞུ་དགོས་པའི་གྱེན་ལོག་རྣམས་ཀྱིས་བརྡ་འཕྲིན་བཏང་ཡང་ད་བར་ལན་གསལ་་བྱུང་མེད་པ་རེད། གྲོང་ཁྱེར་དེ་ནི་ཤར་ནུབ་ཀྱི་གཞུང་ལམ་འཁེལ་གྱི་ཡོད་པས་ས་བབ་གནད་འགག་ཆེན་པོ་ཡིན་པ་རེད། གང་ལྟར་ལི་བི་ཡའི་སྲིད་དབང་གཅིག་སྡུད་པ་མོ་ཨ་མར་ག་ད་ཕི་ཡི་ཕྱོགས་གཏོགས་ཡོངས་རྫོགས་ལ་རིང་པོར་མ་ཐོག་པར་ཕམ་ཉེས་གཏོང་ངེས་པ་ས་རིས་ཐང་གསལ་དུ་འགྱུར་འདུག།