རྒྱ་ནག་གི་དཔལ་འབྱོར་ཉམས་ཆགས་སོགས་གནད་དོན་མང་དག་ལ་བརྟེན་རྒྱ་ནག་གིས་རྒྱ་གར་ལ་ངོ་དགའ་སྤྲེལ་ལད་བྱེད་བཞིན་ཡོད་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

2024.11.21
རྒྱ་ནག་གི་དཔལ་འབྱོར་ཉམས་ཆགས་སོགས་གནད་དོན་མང་དག་ལ་བརྟེན་རྒྱ་ནག་གིས་རྒྱ་གར་ལ་ངོ་དགའ་སྤྲེལ་ལད་བྱེད་བཞིན་ཡོད་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་རྒྱ་གར་སྲིད་བློན་མོ་དྷིས་གཉིས་རྒྱ་གར་དུ། ༡༠།༡༦།༢༠༡༦
AP

༢༠༢༤ ལོའི་འཛམ་གླིང་གི་དཔལ་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་ལྷན་ཚོགས་ G20 དེ་བཞིན། Brazil གྱི་ Rio De Janiero གྲོང་ཁྱེར་དུ་ཟླ་འདིའི་ཚེས་ ༡༨ ནས་དབུ་འཛུགས་ཞུས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཁྲོད་རྒྱ་གར་གི་ཕྱི་སྲིད་བློན་ཆེན་ S Jaishankar དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi གཉིས་ཀྱི་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་ཆེ་བའི་ས་མཚམས་དང་འབྲེལ་བའི་གཙང་པོའི་གནད་དོན་ཁག་ཅིག་གི་སྐོར་བཀའ་མོལ་བྱུང་ཡོད་པ་དང་། ཨ་རིའི་སྲིད་གཞུང་གསར་པ་Trump ནི་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་བཟུང་གནང་མཁན་ཞིག་དང་། དེ་སྔའི་སྲིད་གཞུང་དང་མི་འདྲ་བར་ཨ་རིའི་ཁ་གཏད་གཙོ་བོ་ར་ཤི་ཡར་ངོས་འཛིན་མི་བྱེད་པར་རྒྱ་ནག་ལ་ངོས་འཛིན་བྱེད་མཁན་ཞིག་ཡིན་སྟབས། རྒྱ་ནག་གཞུང་ངོས་ནས་རྒྱ་གར་དང་ལྷན་གྲོགས་པོ་འགྲིག་རྒྱུ་དང་། མ་འོངས་པར་ཨ་རི་དང་རྒྱ་ནག་གཉིས་དབར་གནས་སྟངས་ཇི་ཆགས་མིན་ནི་་རྒྱ་གར་གི་གནས་འབབ་དང་ལངས་ཕྱོགས་ལ་ཤུགས་ཆེར་རགས་ལས་ཡོད་པར་བརྟེན། རྒྱ་ནག་གཞུང་ངོས་ནས་རྒྱ་གར་དང་མཉམ་ས་མཚམས་ཀྱི་གནད་དོན་ཞི་འགྲིག་ཡོང་ཐབས་སོགས་ངོ་དགའ་སྤྲེལ་ལད་བྱེད་བཞིན་ཡོད་ཅེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་གནད་དོན་དེའི་ཐད་རྒྱ་གར་ཉམས་ཞིབ་ལྟེ་གནས་ཁང་ (Observer Research Foundation)  གི་ཉམས་ཞིབ་པ་ Kalpit Mankikar ལགས་ནས། རྒྱ་ནག་གིས་རྒྱ་གར་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་གཏང་སྟེ་ཞི་སྒྲིག་བྱེད་དགོས་དོན་ནི། འདས་པའི་ལོ་བཞིའི་རིང་ཧིན་བོད་ཀྱི་ས་མཚམས་དེ་བཞིན་རྩོད་རྙོག་ཅན་ཞིག་ཏུ་གྱུར་ཡོད་པ་དང་མཉམ། རྒྱ་ནག་ནང་དཔལ་འབྱོར་ཉམས་ཆགས་འགྲོ་བཞིན་པ། དེ་བཞིན་ཐེ་ལྦན་ནང་རང་བཙན་རྩོད་ལེན་པ་མང་དུ་འགྲོ་བཞིན་པ་སོགས་རྒྱ་ནག་རྒྱལ་ཁབ་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པར་བརྟེན། རྒྱ་ནག་གཞུང་ངོས་ནས་སོ་སོའི་ཁེ་ཕན་ཆེད་རྒྱ་གར་དང་མཉམ་ཞི་འགྲིག་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

དེ་ཡང་འདི་ཚེས་ ༡༩ ཉིན་རྒྱ་གར་ཕྱི་དྲིལ་ལས་ཁུངས་ཀྱི་དྲ་ཐོགས་གསལ་བསྒྲགས་སྤེལ་བ་ལྟར་ན། བློན་ཆེན་རྣམ་པ་གཉིས་ནས། དེ་སྔོན་རྩོད་གཞི་ཆེ་བའི་འཕགས་བོད་གཉིས་ཀྱི་ས་མཚམས་་ཁག་ཅིག་ཏུ་དམག་དཔུང་ཕྱིར་འཐེན་བྱས་པའི་་རྐྱེན་གྱིས་རྒྱལ་ཁབ་གཉིས་དབར་ཞི་བདེ་དང་མཐུན་ལམ་གནས་ཐུབ་པ་བྱུང་བ་ངོས་འཛིན་དང་། རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམིགས་བསལ་སྐུ་ཚབ་དབར་མཇལ་འཕྲད་བྱ་རྒྱུའི་བཀའ་མོལ་མགྱོགས་མྱུར་གནང་རྒྱུའི་མོས་མཐུན་བྱུང་ཡོད་སྐོར་འཁོད་ཡོད་པ་མ་ཟད། རྒྱ་ནག་ཕྱི་སྲིད་བློན་ཆེན་ Wang Yi ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ནི་འཛམ་གླིང་གི་ཆབ་སྲིད་ཁྲོད་་དམིགས་བསལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་སྐོར་དང་། བློན་ཆེན་རྣམ་གཉིས་ནས་འབྲེལ་བ་བརྟན་ལྷིང་དང་། མ་འོངས་འཆར་གཞིའི་ཐོག་དོ་སྣང་བྱ་དགོས་པ་གནད་འགག་ཆེན་པོ་ཡིན་པའི་ཚོར་སྣང་བྱུང་ཡོད་སྐོར་དང་། ལྷག་པར་རྒྱ་གར་དང་རྒྱ་ནག་གཉིས་དབར་རྒྱལ་སྤྱིའི་གནད་དོན་ཁག་ཅིག་གི་ཐད་ལངས་ཕྱོགས་མི་མཐུན་པ་འགའ་བྱུང་ཡོད་ཀྱང་། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་ལས་དོན་ཆེད་མཉམ་ལས་དགོས་སྐོར་བརྗོད་ཡོད་པ་འཁོད་འདུག

རྩ་བའི་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་དཀའ་རྙོག་དེ་བཞིན་ ༢༠༢༠ ལོར་གྷལ་ཝན་ལུང་གཤོངས་སུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་མིའི་དབར་འཁྲུག་འཛིང་ཤོར་ཡོད་པའི་དོན་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། གནད་དོན་དེའི་ཐད་ད་བར་གྲོས་མོལ་རིམ་པ་ ༡༤ ཙམ་བྱུང་ཡོད་ལ། ཉེ་ལམ་ཟླ་ ༡༠ པའི་ཚེས་ ༢༣ ཉིན་རྒྱ་གར་གྱི་སྲིད་བློན་(Narendra Modi) དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་(BRICS)་ཞེས་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཀྱི་ཞོར་དུ་ཐུག་འཕྲད་བྱུང་ཡོད་པའི་སྐབས།དབུ་ཁྲིད་རྣམ་གཉིས་དབར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་ཕན་ཚུན་མཉམ་ལས་བྱ་རྒྱུ་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།









བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎