འཛམ་གླིང་བཟོ་ལས་ཡར་ཐོན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས།
2009.07.08
༄༅༎ཨི་ཊ་ལིའི་ནང་སྐོང་ཚོགས་གནང་བའི་འཛམ་གླིང་གི་བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་ཐོག་ཕེབས་པའི་རྒྱལ་ཁབ་ཀྱི་དབུ་འཁྲིད་རྣམ་པ་ཚོས་ད་ལྟའི་སྐབས་དེར་འཛམ་གླིང་གི་དཔལ་འབྱོར་ཉེན་ཁ་ཆེན་པོའི་གནས་སྟངས་འོག་མུ་མཐུད་ཡོད་པར་ངོས་འཛིན་གནང་བ་དང་སྦྲགས་ཉམ་རྒུད་ཕྱིན་པའི་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རོགས་རམ་དགོས་ངེས་ཆགས་ཡོད་ལུགས་ལྷན་ཚོགས་ཀྱི་ཟིན་བྲིས་ཡིག་ཆའི་ནང་གསལ་ཡོད་པ་རེད།
ཨ་མི་རི་ཀ་དང་ཇར་མ་ནི།ཕེ་རན་སི།དབྱིན་ཡུལ།ཨི་ཊ་ལི།རྒྱ་ནག།ཁེ་ན་ཌ་དང་ཨུ་རུ་སུ་བཅས་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་དེའི་ཐོག་འཛམ་གླིང་ནང་གི་ད་ལྟའི་དཔལ་འབྱོར་གྱི་དཀའ་ངལ་དང་འབྲེལ་བའི་གནད་དོན་སྐོར་གྲོས་བསྡུར་གཙོ་བོ་གནང་བའི་ཐོག་ནས་ལྷན་ཚོགས་དབུ་འཛུགས་གནང་རྒྱུ་ཡིན་པ་རེད།
སྔ་ལོ་ཉི་ཧོང་ནང་གོང་ཞུས་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་དེ་གནང་སྐབས་དབུ་འཁྲིད་རྣམ་པ་ཚོས་སྐབས་དེ་དུས་ཀྱི་དཔལ་འབྱོར་གྱི་དཀའ་ངལ་ཁག་ཚོད་དཔག་ཐིག་གནང་མེད་སྟབས་ད་རེས་ཀྱི་ལྷན་ཚོགས་དེའི་སར་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་ལ་བསྐྱར་དུ་ཉམ་རྒུད་ཆེན་པོ་མི་ཡོང་བའི་འགོག་ཐབས་ཇི་ལྟར་གནང་དགོས་མིན་སྐོར་ཐུགས་སྣང་ཆེ་བ་གནང་རྒྱུ་ཡིན་པ་རེད།
གོང་ཞུས་དབུ་འཁྲིད་རྣམ་པའི་ལྷན་ཚོགས་ཐོག་ཚོང་དོན་སྐོར་བཀའ་མོལ་གནང་སྲིད་རྒྱུ་ཡིན་ཞིང་ལྷན་ཚོགས་དང་འབྲེལ་བའི་ཟིན་བྲིས་བསྒྲགས་གཏམ་ཞིག་གི་ནང་བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་བརྒྱད་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔའི་དབར་ཡུན་རིང་འཚོགས་མ་ཐུབ་པར་འགག་སྡད་པའི་རྡོ་ཧ་ཚོང་དོན་ལྷན་ཚོགས་དེ་ཉིས་སྟོང་བཅུ་ལོར་མུ་མཐུད་མཇུག་འཁྱོངས་གནང་རྒྱུའི་ཐད་མོས་མཐུན་གནང་སྲིད་པའི་ཚོད་དཔག་གནང་འདུག འབྱོར་ལྡན་རྒྱལ་ཁབ་ཁག་གིས་ལོ་འགའ་ཤས་རིང་དབུལ་ཕོངས་རྒྱལ་ཁབ་ཀྱི་མང་ཚོགས་ལ་བཟའ་ཆ་མཁོ་འདོན་འགན་ལེན་ཐུབ་རྒྱུར་རྒྱལ་ཁབ་དེ་ཚོའི་ནང་ཞིང་ལས་ཡར་རྒྱས་ཀྱི་ལས་གཞིར་རོགས་རམ་མ་དངུལ་ཌོ་ལར་ཐེར་འབུམ་བཅོ་ལྔ་ཟུར་བཅད་གནང་རྒྱུའི་དགོངས་འཆར་ཞིག་ཨ་མི་རི་ཀས་བཏོན་གནང་ཡོད་པ་དེའི་ཐོག་དབུ་འཁྲིད་རྣམ་པ་ཚོས་བཀའ་བསྡུར་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།