བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་དགོས་པའི་སྐོར།
2009.09.04
༄༅༎ད་རེས་ཉེ་ཆར་བཙན་བྱོལ་བོད་གཞུང་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་པའི་ཕེ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་གསུམ་གྱིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གནས་བབ་ལག་བསྟར་བྱེད་དགོས་ཞེས་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།
ཕེ་རན་སི་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་མི་སུམ་ཅུ་ལྷག་ཡོད་པའི་ནང་ནས་སྐུ་ཚབ་འཐུས་མི་གསུམ་ད་རེས་ཕྱི་ཟླ་བརྒྱད་པའི་ཚེས་སུམ་ཅུ་སོ་གཅིག་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་ཉིན་གྲངས་ལྔའི་འཚམས་འདྲི་གནང་ཡོད་ཅིང་དེའི་རིང་ལ་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་དང་རིག་གཞུང་ ཆོས་ལུགས་ཀྱི་ཚན་པ་ཁག་ཅིག་ནང་འཚམས་འདྲིར་ཕེབས་པ་དང་རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་མཇལ་འཕྲད་ཞུས་པ་མ་ཟད་ཕྱི་ཚེས་གཉིས་ཉིན་བོད་རྒྱལ་ཡོངས་དམངས་གཙོའི་དུས་དྲན་ཐེངས་བཞི་ཅུ་ཞེ་དགུ་པ་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་པ་དང་ཉིན་དེའི་ཉིན་གུང་རྒྱབ་ཏུ་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་ཕྱི་དྲིལ་བཀའ་བློན་ལྕམ་སྟག་ལྟ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱི་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོག་ལ་རྒྱབ་སྐྱོར་དང་རྒྱ་ནག་ཕྱོགས་ལ་གནོན་ཤུགས་སྤྲོད་ཐབས་འབད་བརྩོན་གནང་གི་ཡིན་ཞེས་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ཀྱིས་ན་ནིང་རྒྱ་ནག་དཔོན་རིགས་བར་དུ་གྲོས་མོལ་ཐེངས་བརྒྱད་པ་གནང་བའི་སྐབས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གནས་བབ་ཇི་ལྟར་དགོས་མིན་སྐོར་བསམ་འཆར་ཡིག་ཆ་རྒྱ་ནག་གི་དཔོན་རིགས་ལ་ཕུལ་ཡོད་པ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་ཐོབ་རྒྱུ་ནི་བོད་མིའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་ ལོ་རྒྱུས་ ངོ་བོ་ སྐད་ཡིག་སོགས་སྲུང་སྐྱོབ་དང་གོང་བུ་གཅིག་ཏུ་སྒྲིལ་རྒྱུར་མེད་དུ་མི་རུང་བའི་ཐབས་ལམ་ཞིག་ཡིན་པར་བརྟེན་རང་ཡུལ་དུ་ཕྱིར་ལོག་ཕེབས་པའི་རྗེས་བོད་དོན་ཐད་སྔར་བས་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཡོང་ཐབས་འབད་བརྩོན་གནང་གི་ཡིན་ཞེས་དང་མ་འོངས་པར་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་ཕེ་རན་སི་གྲོས་ཚོགས་འོག་མའི་སྐུ་ཚབ་བཞུགས་སྒར་དུ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུངས་ཡོད་པ་རེད། ཁོང་རྣམས་ཀྱི་འཚམས་འདྲི་དེ་རིང་ཕྱི་ཚེས་བཞི་ཉིན་གྲུབ་ཏེ་ཕྱི་ཚེས་ལྔ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ནས་ལྡི་ལིར་ཞབས་སོར་འཁོད་པ་དང་བསྟུན་མཇལ་འཕྲད་ཞུ་རྒྱུ་ཡིན་པ་རེད།