ཕེ་རན་སིའི་སྲིད་འཛིན་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་འཆར།
2008.08.07
༄༅༎ཕེ་རན་སིའི་སྲིད་འཛིན་ ནི་ཀོ་ལ་སེ་ སར་ཀོ་ཛི་ མཆོག་གིས་ད་རེས་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་སྒོ་འབྱེད་མཛད་སྒོར་ཕེབས་ཏེ་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་དང་མཇལ་འཕྲད་གནང་བའི་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་གནད་དོན་སྐོར་གླེང་སློང་གནང་རྒྱུའི་འཆར་གཞི་ཡོད་པ་རེད།
ད་རེས་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛིའི་ལྷན་དུ་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ལྷན་དུ་ཕེབས་མཁན་ཡིན་པ་དང་ སྲིད་འཛིན་སར་ཀོ་ཛིའི་གཡོན་ཕྱོགས་ཆབ་སྲིད་ཚོགས་པ་ཡུ་ཨེམ་པིའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ ཇོན་པིཡེར་ར་ཕ་རིན་ གྱིས་དེ་རིང་ཕེ་རན་སི་རླུང་འཕྲིན་ཨར་ཊི་ཨེལ་ཞེས་པའི་བཅར་འདྲི་དང་ལེན་གནང་སྐབས་གསུང་པར། སྲིད་འཛིན་སར་ཀོ་ཛི་ནི་རྒྱལ་ཁབ་ཀྱི་སྐུ་ཚབ་ཅིག་ཡིན་པ་དང་ཁོང་གི་འགྲོ་བ་མིའི་གཤིས་སྤྱོད་ཀྱི་ཟུར་ཆ་གཅིག་ལའང་མི་སུ་གཅིག་གིས་བཀག་འགོག་བྱེད་ཐུབ་ཀྱི་མེད་ཅེས་དང༌། སྲིད་འཛིན་སར་ཀོ་ཛི་ད་རེས་རྒྱ་ནག་ཏུ་ཕེ་རན་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་ཐང་དང་རྒྱལ་ཁབ་ཀྱི་མཚན་ཐོག་ནས་ཕེབས་ཀྱི་ཡོད་པ་རེད་ཅེས་དང༌། ད་དུང་ཁོང་གིས། དེ་སྔ་འདས་པའི་ནང་ཕེ་རན་སི་གཞུང་ཕྱོགས་ནས་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོའི་སྐོར་རྒྱ་ནག་གི་དཔོན་རིགས་དང་བཀའ་མོལ་གནང་གི་ཡོད་པ་བཞིན་ ད་རེས་སྲིད་འཛིན་སར་ཀོ་ཛི་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་དང་སྲིད་བློན་ལྦེན་ཅ་བའོ་དང་མཇལ་འཕྲད་གནང་བའི་སྐབས་གནད་དོན་དེའི་སྐོར་ལའང་མུ་མཐུད་བཀའ་མོལ་གནང་རྒྱུ་དང་ལྷག་པར་དུ་ང་ཚོའི་དབུ་ཁྲིད་ནི་གསར་འགྱུར་བརྒྱུད་ལམ་ཐོག་བཀའ་མོལ་མ་གནང་བར་དངོས་སུ་རྒྱ་ནག་གི་དབུ་ཁྲིད་དང་ཐད་ཀར་མཇལ་འཛོམས་གནང་སྟེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་སྐོར་གླེང་སློང་གནང་རྒྱུ་ཡིན་པ་དང་དེ་ནི་ཨེ་ཤི་ཡའི་མངའ་ཁུལ་གྱི་གྲོས་མོལ་བྱེད་པའི་ཁྲིམས་སྲོལ་ཞིག་རེད་ཅེས་གསུང་ཡོད་པ་རེད།