ཕ་རན་སི་གྲོས་ཚོགས་ནས་དོན་གྲུབ་དབང་ཆེན་ལ་རྒྱབ་སྐྱོར།
2010.10.16
༄༅༎ཕ་རན་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཚོས་རྒྱ་ནག་གཞུང་གིས་བཙོན་འཇུག་ལོ་དྲུག་གི་ཁྲིམས་ཐག་བཅད་པའི་བོད་ནང་གི་བོད་མིའི་བསམ་ཚུལ་མཚོན་པའི་གློག་བརྙན་འཇིགས་བྲལ་ཟེར་བ་དཔར་སྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གཞུང་གིས་གློད་འགྲོལ་དགོས་པའི་དགོས་འདུན་བཏོན་པ་དང་འབྲེལ་ཁོང་གི་བཟའ་ཟླ་ལྷ་མོ་མཚོ་ལགས་ཐུགས་ཕྲད་གནང་ཡོད་པ་རེད་
ལྷ་མོ་མཚོ་ལགས་ཀྱིས་ཕ་རན་སིའི་གྲོས་ཚོགས་འཐུས་མི་དང་ཐུགས་ཕྲད་གནང་བའི་སྐབས་ ཁོང་གི་བཟའ་ཟླ་དོན་གྲུབ་དབང་ཆེན་ལགས་ཀྱི་ད་ལྟའི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་དང་ དོན་གྲུབ་དབང་ཆེན་ལགས་ཀྱི་ད་ལྟའི་གཟུགས་གཞིའི་གནས་སྟངས་ཐོག་ཧ་ཅང་སེམས་འཚབ་ཡོད་པ་དང་ ཁོང་ལ་hepatitisBཟེར་བའི་གློ་བ་ནད་གཞི་ལྗི་པོ་ཕོག་ཡོད་པའི་སྐོར་ལྷ་མོ་མཚོ་ལགས་ཀྱིས་གསུངས་འདུག
ཕ་རན་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལི་ཡོ་ནེལ་ལུ་ཀ་ཡིས་གསུངས་ན་ ཕ་རན་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚང་མས་ས་རྟགས་འཁོད་པའི་དོན་གྲུབ་དབང་ཆེན་ལགས་གློད་འགྲོལ་ཡོང་རྒྱུའི་འབོད་སྐུལ་ཡི་གེ་ཞིག ་ཕ་རན་སི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་བརྒྱུད་ནས་རྒྱ་ནག་གཞུང་ལ་ཐད་ཀར་ཕུལ་ཡོད་པ་འགྲེལ་བརྗོད་གནང་འདུག
ལྷ་མོ་མཚོ་ལགས་དེང་སྐབས་ཡོ་རོབ་ཁུལ་དུ་དོན་གྲུབ་དབང་ཆེན་ལགས་གློད་འགྲོལ་ཡོང་རྒྱུར་རྒྱབ་སྐྱོར་རོགས་རམ་འཚོལ་ཞིབ་ཆེད་བསྐོར་སྐྱོད་དུ་ཕེབས་བཞིན་ཡིན་པ་དང་ གཟའ་ལྷག་པའི་ཉིན་ཕད་རོ་སིའི་གྲོང་སྡེ་༡༡ཀྱི་སྤྱི་ཁྱབ་ཀྱི་གདན་ཞུ་གནང་བ་བཞིན་ལྷ་མོ་མཚོ་ལགས་དེའི་ཉིན་ འཇིགས་བྲལ་གློག་བརྙན་བཏོན་པའི་མཛད་སྒོ་ཞིག་ཐོག་ཕེབས་ཡོད་པ་དང་ དེའི་སྐབས་བཙན་བྱོལ་བོད་གཞུང་ཡོ་རོབ་སྐུ་ཚབ་དོན་གཅོད་སྐུ་ངོ་བཀྲིས་དབང་སྡུས་ལགས་དང་ཕ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་རྣམ་གཉིས་ཡང་གདན་ཞུ་བཞིན་ཆེད་ཕེབས་གནང་ཡོད་ཅིང་ གློག་བརྙན་གྲུབ་པའི་རྗེས་ལྷ་མོ་མཚོ་ལགས་ཀྱིས་དེར་ཕེབས་པའི་ཕ་རན་སིའི་མི་མང་ཁག་ཅིག་གིས་དྲི་བར་ལན་འདེབས་ཡང་གནང་ཡོད་འདུག།