བོད་ནི་ཆེས་རང་དབང་མེད་པའི་ཡུལ་གྲུའི་གྲས་སུ་མིང་འདོན།
2017.02.01
ཨ་རིའི་རང་དབང་ཁང་པ་ཞེས་པའི་ཚོགས་པའི་འདས་ལོའི་སྙན་ཐོའི་ནང་བོད་ནི་ཆེས་རང་དབང་མེད་པའི་ཡུལ་གྲུའི་གྲས་སུ་མིང་འདོན་གནང་འདུག
ཨ་རིའི་རང་དབང་ཁང་པ་ཞེས་པའི་ཚོགས་པ་ནས་སྤྱི་ལོ་༢༠༡༦་ལོའི་འཛམ་གླིང་སྤྱིའི་རང་དབང་དང་དམངས་གཙོའི་གནས་བབས་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ཁྲོད། རྒྱ་ནག་དང་ཧོང་ཀོང་གི་རང་དབང་གནས་སྟངས་མུ་མཐུད་དུ་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། བོད་ནི་ཆེས་རང་དབང་མེད་པའི་གྲས་སུ་མིང་འདོན་གནང་འདུག
རེས་གཟའ་མིག་དམར་ཉིན་ཨ་རིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རང་དབང་ཁང་པ་ཞེས་བ་ནས་ལོ་འཁོར་སྙན་ཐོག་ཞིག་བཏོན་པའི་ཁྲོད། སྤྱི་ལོ་༢༠༡༦་ལོའི་འཛམ་བུ་གླིང་གི་རང་དབང་གི་གནས་སྟངས་ཐད་རྟོག་ཞིབ་བྱས་པའི་ཁྲོད། རང་དབང་གནས་སྟངས་མུ་མཐུད་དུ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་དང་ཧོང་ཀོང་གི་རང་དབང་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད་ཚུལ་དང་། བོད་ནི་ཆབ་སྲིད་ཁེ་དབང་དང་སྤྱི་འབངས་ཀྱི་རང་དབང་ཧ་ཅང་ཞན་པའི་གྲས་སུ་ཚུད་ཡོད་ལ། ལོ་སྔོན་མ་དང་བསྡུར་ན་ཇེ་ལེགས་སུ་གང་ཡང་ཕྱིན་མེད་པར། བོད་ཀྱི་ས་ཁུལ་ནི་རྒྱ་ནག་དང་བྱང་ཀོ་རི་ཡ་ལས་ཀྱང་ད་དུང་རང་དབང་གི་གནས་སྟངས་སྐྱོ་བོ་ཡིན་པ་བརྗོད་འདུག
དེ་བཞིན་སྙན་ཐོ་དེའི་ནང་རྒྱལ་ཁབ་དང་ས་ཁུལ་༡༩༥་ནང་རྟོག་ཞིབ་བྱས་པའི་ཁྲོད། རྒྱལ་ཁབ་༦༧་གྱི་རང་དབང་གི་གནས་སྟངས་སྤྱི་ལོ་༢༠༡༦་ལོར་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད། དེ་དག་ཁྲོད་རྒྱ་ནག་དང་ཧོང་ཀོང་ཚུད་ཡོད་ཟེར།
དེ་མིན་གསར་དུ་འདོན་སྤེལ་བྱས་པའི་སྙན་ཐོ་དེའི་ནང་ཨ་མེ་རི་ཀ་དང་ཡོ་རོབ་ནས་འཛམ་གླིང་སྟེང་རང་དབང་དང་དམངས་གཙོ་སྐུལ་སྤེལ་ཐད་སྣེ་ཁྲིད་མ་བྱས་པར་ཕྱིར་སྣུར་བྱས་བ་ཡིན་ན། དམངས་གཙོ་མེད་པའི་དབང་ཆ་སྒེར་སྡོམ་རྒྱལ་ཁབ་ནས་སྟོང་ཆ་དེ་ཁ་སྐོང་བྱེད་ངེས་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།
གསར་འགོད་པ་ལྕགས་མོ་འཚོ།