རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་གི་ཆོད་སེམས།
2010.12.02
༄༅༎རྒྱ་རིགས་མང་གཙོ་དོན་གཉེར་བ་ཆིན་ཡོང་མིན་ནས་མང་གཙོའི་ལམ་ལུགས་སུ་འགྱུར་ཐབས་སུ་མུ་མཐུད་ནས་འབད་བརྩོན་བྱེད་རྒྱུའི་ཆོད་སེམས་གཏན་པོ་ཡོད་ཅེས་གསུངས་ཡོད་འདུག
དེ་སྔ་ཕྱི་ལོ་༡༩༩༨ལོར་གཞུང་མགོ་རྟིང་བསློག་རྒྱུའི་ལས་འགུལ་སྤེལ་གྱི་ཡོད་པའི་ཉེས་བཙུགས་འོག་ལོ་བཅུ་གཉིས་ཀྱི་ཁྲིམས་ཆད་ཕོག་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ཆིན་ཡོང་མིན་ལ་ལོ་གསུམ་རིང་ཆབ་སྲིད་ཀྱི་ལས་དོན་སྤེལ་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་འོག་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་རེད། སྐུ་ཞབས་ཆིན་ཡོང་མིན་ད་ལྟའི་ཆར་དགུང་གྲངས་ལྔ་བཅུ་ང་བདུན་ལ་ཕེབས་ཀྱི་ཡོད་པ་དང་། ཁོང་མི་ཚེ་ཧྲིལ་བུ་རྒྱ་ནག་ནང་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་ཡོང་ཐབས་སུ་ལས་དོན་སྤེལ་གནང་མཁན་ཞིག་ཡིན་འདུག དེ་ཡང་ཁོང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས་དེ་སྔ་ཕྱི་ལོ་༡༩༨༡ནས་༡༩༨༩བར་བཙོན་བཅུག་བྱས་པ་དང་། རིམ་པས་ཕྱི་ལོ་༡༩༨༩ལོར་གློད་བཀྲོལ་ཐོབ་ཡོད་པ་རེད འོན་ཀྱང་སླར་ཡང་ཕྱི་ལོ་༡༩༩༣ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་སྐབས་སྡུག་སྦྱོང་བཏང་བའི་གནས་ཚུལ་བསྐྱར་ཞིབ་དགོས་པ་དང་། བཙོན་བཅུག་བྱས་པ་རྣམས་གློད་བཀྲོལ་དགོས་ལུགས་ཞི་བའི་གྲོས་གཞི་ཞིག་ཕུལ་ཡོད་པ་དེའི་ཉེས་བཙུགས་འོག་སླར་ཡང་ལོ་གཉིས་རིང་ངལ་རྩོལ་རུ་ཁག་ནང་བཞག་ཡོད་པ་རེད། དེ་ནས་ཕྱི་ལོ་༡༩༩༨ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་དོན་གྱི་འབྲུ་དོན་གཞིར་བཟུང་རྒྱ་ནག་གཞུང་ནས་སྤྱི་མང་དང་། ཆབ་སྲིད་ཀྱི་ཐོབ་ཐང་ལ་དོན་དམ་པའི་ལག་ལེན་འཁེལ་བའི་ཐོག་ནས་རྒྱ་ནག་མང་གཙོ་ཚོགས་པ་བཙུགས་དགོས་པའི་ཞུ་བརྒྱུད་གནང་མཁན་གཙོ་བོའི་གྲས་ཡིན་པ་རེད། དེར་རྒྱ་ནག་གཞུང་ནས་ངོས་ལེན་མ་གནང་བའི་ཁར་ཚོགས་པ་དེ་ནི་ཁྲིམས་འགལ་གྱི་ཚོགས་པ་ཞིག་ཡིན་ལུགས་བཤད་ནས་ཚོགས་པའི་གནད་ཡོད་རྣམས་འཛིན་བཟུང་གི་ལོ་མང་པོའི་བཙོན་བཅུག་ཉེས་ཆད་ཕོག་པའི་ཁོངས་སུ་སྐུ་ཞབས་ཆིན་ཡོང་མིན་ཡང་ཡོད་པ་རེད། ཁོང་གློད་བཀྲོལ་ཐོབ་པའི་རྗེས་སུ་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་དགོངས་ཚུལ་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས། རྒྱ་ནག་ནང་མང་གཙོ་དར་འཕེལ་གཏོང་ཐབས་སུ་མུ་མཐུད་ནས་ལས་དོན་སྤེལ་གྱི་ཡིན་ལ་ལས་དོན་ངེས་པར་དུ་སྤེལ་དགོས་ཀྱི་རེད དུས་ཚོད་རིང་པོ་འགོར་སྲིད་ཀྱང་རྒྱ་ནག་ནང་བཅོས་བསྒྱུར་ངེས་པར་དུ་འགྲོ་རྒྱུའི་རེ་བ་ཡོད་ལ་རྒྱ་ནག་ནང་མང་གཙོ་ཚོགས་པ་བཙུགས་ཐུབ་པའི་ཉིན་མ་ཞིག་ཀྱང་ཤར་གྱི་རེད་ཅེས་གསུངས་འདུག ཡང་ཨ་རིའི་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འགྲེལ་བརྗོད་བྱས་པར་ལྟར་ན། སྐུ་ཞབས་ཆིན་ ཡོང་མིན་བཙོན་ཁང་ནང་ཡོད་པའི་སྐབས་ཁོང་གི་བུ་མོ་ཐུག་འཕྲད་བྱེད་བཅུག་མེད་པའི་ཁར་བུ་མོར་བཏང་བའི་ཡི་གེ་གྲངས་ཉིས་བརྒྱ་ཙམ་ཡོད་པ་དེ་དག་གཅིག་ཀྱང་བུ་མོར་འཕྲོད་མེད་པ་རེད།