རྒྱ་མི་ཡུལ་སྐོར་བར་དམིགས་ཏེ་༧རྒྱལ་བའི་ཕོ་བྲང་པོ་ཏཱ་ལར་རིན་མེད་ངང་གཏོང་རྒྱུ་རེད་འདུག

2021.10.17
རྒྱ་མི་ཡུལ་སྐོར་བར་དམིགས་ཏེ་༧རྒྱལ་བའི་ཕོ་བྲང་པོ་ཏཱ་ལར་རིན་མེད་ངང་གཏོང་རྒྱུ་རེད་འདུག ཕྱི་ལོ་ ༢༠༢༡ ལོ་འདི་གཅིག་པུའི་ནང་བོད་ནས་ཡུལ་སྐོར་བ་ས་ཡ་ ༢༣ ཙམ་འབྱོར་རྒྱུ་ཡིན་ལུགས་བརྗོད་འདུག ཕྱི་ལོ་ ༢༠༢༠ ཐམ་པའི་ནང་བོད་ནང་ཡུལ་སྐོར་བ་ས་ཡ་ ༣༥ ཙམ་སླེབས་ཤིང་དེ་དག་མང་ཆེ་བ་རྒྱ་ནག་ནས་ཡིན་པ་རེད།
Reuters

ཏོག་དབྱིབས་ནད་ཡམས་ཀྱི་ཉེན་ཁ་ལས་འགྲོལ་མེད་རུང་བོད་ནང་རྒྱ་ནག་ནས་རྒྱ་མི་ཡུལ་སྐོར་བ་ཕོན་ཆེ་འབྱོར་བཞིན་ཡོད་པར་དམིགས་ཏེ།  ཟླ་༡༠ཚེས་༡༥དང་རེས་གཟའ་པ་སངས་ཉིན་ནས་བཟུང་ལོ་ཕྱེད་རིང་རིན་མེད་ངང་ཕོ་བྲང་པོ་ཏཱ་ལར་ལྟ་སྐོར་ལ་གཏོང་རྒྱུ་ཕོ་བྲང་པོ་ཏཱ་ལའི་དོ་དམ་ཁང་ཟེར་བས་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་བརྡ་ཁྱབ་ཅིག་བཏང་བ་དེའི་ནང་བཀོད་འདུག

༢༠༢༡ ཕྱི་ཟླ་ ༡༠ ཚེས་ ༡༥ ནས་ ༢༠༢༢ ཕྱི་ཟླ་ ༣ ཚེས་ ༡༥ བར་དུས་ཡུན་ཟླ་བ་དྲུག་རིང་ཕོ་བྲང་པོ་ཏཱ་ལར་རིན་མེད་ཐོག་ཡུལ་སྐོར་བ་གཏོང་རྒྱུར་སྔོན་འགྲོའི་ཆ་རྐྱེན་ཞིག་བཏོན་འདུག་པ་ནི། རྩེ་ཕོ་བྲང་གི་དྲ་ལམ་བརྒྱུད་ཉིན་ཅིག་གི་སྔོན་ལ་སྤ་སེ་མངགས་ན་ཉིན་གཉིས་པ་དེར་ལྟ་སྐོར་དུ་སྐྱོད་ཆོག་གི་ཡོད་པ་བརྗོད་འདུག  སྒེར་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་མིང་འབོད་མ་བྱས་པའི་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་མི་ཞིག་གིས།  འདི་ལོ་ཏོག་དབྱིགས་ནད་ཡམས་ཀྱི་ཉེན་ཁ་མུ་མཐུད་གནས་བཞིན་པའི་སྐབས་ལ་ཡང་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་ནས་རྒྱ་མི་ཡུལ་སྐོར་བ་ཧ་ཅང་མང་པོ་སླེབས་ཡོད་ཅིང་།  ལྷ་སའི་ནང་གི་རྩ་ཆེའི་དགོན་པ་ཁག་ནི་རྒྱ་མི་རིགས་ཀྱི་ཡུལ་སྐོར་བ་སྐྱོད་ཡུལ་ས་གནས་གཙོ་བོ་ལྟ་བུ་ཆགས་ཡོད་ན་ཡང་། བོད་ཀྱི་མདོ་སྟོད་སྨད་ཁུལ་གྱི་བོད་མི་ལྷ་སར་སྐྱོད་རྒྱུར་ལག་འཁྱེར་ཆོག་མཆན་མང་པོ་ཞུ་དགོས་ཀྱི་ཡོད་བརྗོད་བྱུང་། ད་དུང་ཁོང་གིས། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མཚོན་ན།  གཞུང་ཞབས་པ་དང་སློབ་མ།  རྒས་ཡོལ་ཞུས་ཟིན་པའི་མི་སྣ་སོགས་གཞུང་གི་གླ་ཕོགས་ལེན་མཁན་བོད་མི་ཚོ་ནི་༧རྒྱལ་བའི་ཕོ་བྲང་པོ་ཏཱ་ལར་མཆོད་མཇལ་དུ་སྐྱོད་ཆོག་ཀྱི་མེད་པ་ནི་བོད་མིའི་ཆོས་དད་ལས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་བའི་ཡུལ་སྐོར་བ་དེ་དག་གི་དངུལ་ལ་རིན་ཐང་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད་པའི་དཔེ་མཚོན་གསལ་པོ་ཞིག་ཡིན་པ་བརྗོད་ཀྱི་འདུག

༧རྒྱལ་བའི་ཕོ་བྲང་པོ་ཏཱ་ལ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་འཛུགས་སྐྲུན་ཞིག་ཡིན་པ་དང་།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཁས་ལེན་ཐོབ་པའི་གནའ་རྫས་སྲུང་སྐྱོབ་ཁུལ་ཞིག་ཡིན་རུང་།  རྒྱ་མི་ཡུལ་སྐོར་བའི་འདོད་བློ་ཁེངས་ཆེད་དེ་སྔོན་ཕོ་བྲང་ནང་མི་གཏོང་རྒྱུའི་གྲངས་ཀ་ཚད་བཀག་བཟོས་ཡོད་པ་དེར་མ་གནས་པར། འདི་ལོ་ནས་ལྟ་སྐོར་མང་དུ་གཏོང་རྒྱུུ་གཏན་འབེབས་བཟོས་ཡོད་པ་རེད།   འདི་ལྟར་ཚད་ལས་བརྒལ་བའི་རྒྱ་མི་ཡུལ་སྐོར་བ་ཕོ་བྲང་པོ་ཏཱ་ལ་ལྟ་བུར་ལྟ་སྐོར་ལ་བཏང་ན་ཕོ་བྲང་གི་འཛུགས་སྐྲུན་ལ་ཉེན་ཁ་འཕྲད་སྲིད་པ་སེམས་འཚབ་ཆེན་པོའི་ནང་བོད་ནང་གི་བོད་མི་དེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

འདི་ལོ་ཕྱི་ཟླ་༧ཚེས་༡༡ཉིན་ཕོ་བྲང་པོ་ཏཱ་ལའི་དོ་དམ་ཁང་གིས་བརྡ་ཁྱབ་ཅིག་བཏང་ཡོད་པ་དེའི་ནང་ཉིན་ལྟར་ཞོགས་པ་ཆུ་ཚོད་བརྒྱད་དང་སྐར་མ་༤༠ནས་ཉིན་རྒྱབ་ཆུ་ཚོད་བཞི་དང་སྐར་མ་༢༠བར་ཕོ་བྲང་པོ་ཏཱ་ལ་གཟིམ་སྒོ་ཕྱེ་རྒྱུ་དང་། ཉིན་རེའི་མིའི་ཚད་གཞི་༥༠༠༠ཡིན་ན་ཡང་། གྲངས་ཚད་འདི་ལས་བརྒལ་ན་ད་དུང་མི་༢༠༠༠སྣོན་མ་གཏོང་ཆོག་རྒྱུ་བརྗོད་འདུག

གཏན་འབེབས་འདི་ནི་གཙོ་བོ་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བ་ཚོར་དམིགས་པ་ཞིག་ཡིན་པ་ལས་ཕྱིའི་རྒྱལ་ཁབ་ཁག་ནས་ཡུལ་སྐོར་བ་ཏོག་དབྱིབས་ནད་ཡམས་ཀྱི་དོན་རྐྱེན་བྱུང་བ་ནས་བཟུང་ཧ་ལམ་གཏོང་གི་མེད་པ་རེད།  རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་ཡིག་ཆའི་ནང་། ཕྱི་ལོ་ ༢༠༢༡ ལོ་འདི་གཅིག་པུའི་ནང་བོད་ནས་ཡུལ་སྐོར་བ་ས་ཡ་ ༢༣ ཙམ་འབྱོར་རྒྱུ་ཡིན་ལུགས་བརྗོད་འདུག  ཕྱི་ལོ་ ༢༠༢༠ ཐམ་པའི་ནང་བོད་ནང་ཡུལ་སྐོར་བ་ས་ཡ་ ༣༥ ཙམ་སླེབས་ཤིང་དེ་དག་མང་ཆེ་བ་རྒྱ་ནག་ནས་ཡིན་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎