བོད་རང་དབང་ཚོགས་པས་དབྱིན་ཡུལ་ལ་རྒྱ་ནག་གི་པར་ཆས་བེད་སྤྱོད་མཚམས་འཇོག་བྱེད་རྒྱུའི་ཞུ་སྐུལ།
དབྱིན་ཡུལ་ནང་ཡོད་པའི་བོད་རང་དབང་ཚོགས་པ་(Free Tibet)་ཚོགས་པ་དང་། (Big Brother Watch)་ཞེས་པའི་ཚོགས་པ་གཉིས་ཀྱིས་ཞིབ་འཇུག་གནང་བའི་འབྲས་བུར། དབྱིན་ཡུལ་རྒྱལ་ཡོངས་ཀྱི་གྲོང་སྡེ་ལྷན་ཚོགས་ཀྱི་ལས་ཁུངས་ཁག་གསུམ་ཆ་གཉིས་ཀྱིས་རྒྱ་ནག་གཞུང་གི་སོ་ལྟའི་པར་ཆས་བཟོ་མཁན་(Hikvision)་ཞེས་པའི་པར་ཆས་བཟོ་གྲྭས་བཟོས་པའི་པར་ཆས་བེད་སྤྱོད་བྱེད་ཀྱི་ཡོད་པ་བཤད་འདུག
དེ་ཡང་གོང་ཞུས་བོད་རང་དབང་ཚོགས་པ་དང་ཚོགས་པ་གཞན་དེ་གཉིས་ཀྱིས། དབྱིན་ཡུལ་གྱི་ཁྲིམས་ལུགས་ནང་གནས་ཚུལ་མཁོ་སྤྲོད་རང་དབང་གི་ཆ་རྐྱེན་དེ་བེད་སྤྱོད་བྱས་ནས་དབྱིན་ཇིའི་གྲོང་སྡེ་ལྷན་ཚོགས་ཀྱི་ལས་ཁུངས་ཁག་གིས་རྒྱ་ནག་གི་སོ་ལྟའི་པར་ཆས་བཟོ་མཁན་(Hikvision)་ཞེས་པའི་ཚོང་གཉེར་ལས་ཁང་དེས་བཟོས་པའི་པར་ཆས་བེད་སྤྱོད་བྱེད་ཀྱི་ཡོད་མེད་གནས་ཚུལ་མཁོ་སྤྲོད་བྱུང་བའི་ནང་། དབྱིན་ཇིའི་གྲོང་སྡེ་ལྷན་ཚོགས་ཀྱི་ལས་ཁུངས་ཕལ་ཆེ་བའི་ནང་པར་ཆས་དེ་བེད་སྤྱོད་གཏོང་གི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད། ཡིན་ནའང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཡོད་སའི་གྲོང་སྡེ་ལྷན་ཚོགས་ཀྱི་ལས་ཁུངས་དེས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་རོལ་གཏོང་བཞིན་པའི་གནད་དོན་ལ་གཞིགས་ནས་གོང་ཞུས་རྒྱ་ནག་གི་པར་ཆས་དེ་བེད་སྤྱོད་གཏོང་གི་མེད་པ་མ་ཟད། གྲོང་སྡེ་ལྷན་ཚོགས་ཀྱི་ལས་ཁུངས་དེས་ས་ཁུལ་དེའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཡོད་སའི་ལམ་དེར་རྒྱ་ནག་གཞུང་གིས་མནར་གཅོད་ཕོག་པའི་མི་སྣ་ཁག་ཅིག་མིང་ཐོག་བརྗེ་བསྒྱུར་གནང་རྒྱུའི་འཆར་གཞི་ཡོད་པ་རེད་འདུག
བོད་ནང་རྒྱ་ནག་གཞུང་གིས་གང་སར་སོ་ལྟའི་པར་ཆས་བཙུགས་ནས་བོད་མི་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པ་དང་། གོང་ཞུས་རྒྱ་ནག་གཞུང་གིས་གཉེར་བའི་(Hikvision)་ཞེས་པའི་བཟོ་ཚོང་ལས་ཁང་དེ་ནི། བོད་དེ་སོ་ལྟའི་པར་ཆས་ཀྱིས་ཁེངས་བའི་ཡུལ་ཞིག་ཏུ་བསྒྱུར་བར་བྱེད་མཁན་གྱི་བཟོ་ཚོང་ལས་ཁང་ཁོངས་ནས་གཅིག་ཡིན་པས། ཨ་མི་རི་ཀའི་རང་དབང་ཁང་པ་(Freedom House)་ཞེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་བོད་དེ་འཛམ་གླིང་ནང་རང་དབང་ཆུང་ཤོས་ཀྱི་རྒྱལ་ཁབ་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་རེད།
བོད་རང་དབང་ཚོགས་པས་དབྱིན་ཇིའི་གྲོང་སྡེ་ལྷན་ཚོགས་ཀྱི་ལས་ཁུངས་ཁག་ལ་(Hikvision)་ཞེས་པའི་པར་ཆས་དེ་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་གནང་དགོས་པའི་ཞུ་སྐུལ་དང་། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་དབྱིན་ཡུལ་ནང་རྒྱ་ནག་གི་དྲག་གནོན་ལ་མཐུན་འགྱུར་གནང་རྒྱུ་དེ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།