ལོ་ལྔ་བཅུའི་གོང་བོད་ནང་བསྐྱོད་མྱོང་མཁན་ཨ་རི་བ་ཞིག་གི་སྐོར།
2010.12.27
༄༅༎དེ་སྔ་ཕྱི་ལོ་༡༩༥༠ནང་བོད་ནང་བསྐྱོད་མྱོང་ཡོད་མཁན་ཨ་མི་རི་ཀའི་གསང་བའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་དང་མོན་ཀྲེ་ན་གཙུག་ལག་སློབ་གཉེར་ཁང་University of Montanaགི་སློབ་དཔོན་སྐུ་ཞབས་ཕེ་རེང་སྦེ་སེཀ་Frank Bessacཉེ་ལམ་འདས་གྲོངས་གྱུར་ཡོད་པ་རེད་
ཕྱི་ལོ་༡༩༤༩ལོར་རྒྱ་ནག་གུང་བྲན་ཏང་གིས་ཤར་ཏུར་ཀིསི་ཏན་བཙན་འཛུལ་བྱེད་སྐབས་ཁོང་གིས་མེ་ལེ་༢༠༠༠སྐོར་ཞིག་འགྲུལ་ཞུད་བྱས་ནས་བོད་ནང་བྲོས་བྱོལ་ཏུ་འབྱོར་ཡོད་པ་རེད་ ཕྱི་ལོ་༡༩༥༠ལོའི་ཕྱི་ཟླ་༤པའི་ཚེས་༢༩ཉིན་སྐུ་ཞབས་སྦེ་སེཀ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་གནང་སྐབས་ཁོང་གིས་གོང་ས་ཏཱ་ལའི་བླ་མ་མཆོག་གི་མཇལ་ཁ་ཞུས་གནང་ཡོད་པ་རེད་
ཁོང་རྒྱལ་ས་ལྷ་སའི་ནང་ཟླ་ངོ་༢ཙམ་རིང་བཞུགས་རྒྱུན་རིང་ལྷ་ས་དང་དེའི་ཉེ་ཁུལ་གྱི་དགོན་པ་ཁག་མཇལ་ཁ་ཞུས་རྗེས་རྒྱ་གར་བརྒྱུད་ཨ་རིེར་ཕྱིར་ལོག་གནང་ཡོད་པ་རེད་ ཁོང་བོད་ནས་ཕྱིར་ཐོན་མ་གནང་གོང་རྒྱ་ནག་གུང་བྲན་ཏང་གིས་བོད་བཙན་འཛུལ་བྱེད་གྲབས་ཀྱི་ཉེན་ཁ་འགོག་ཐབས་ཆེད་བོད་ཀྱི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀའི་ངོས་ནས་བོད་ལ་གོ་མཚོན་གྱི་རོགས་རམ་ཡོང་བའི་ཕྱག་བྲིས་ཤིག་བསྐུར་གནང་ཡོད་པ་རེད་ ཡིན་ནའང་རིང་པོར་མ་སོང་བར་རྒྱ་ནག་གུང་བྲན་ཏང་གིས་བོད་བཙན་འཛུལ་བྱས་ཡོད་པ་རེད་ ཁོང་ཨ་རིར་འབྱོར་རྗེས་མི་རྒྱུད་རིག་པའི་ཐོག་འབུམ་རམ་པའི་ཕྱག་འཁྱེར་ཐོབ་རྗེས་མོན་ཀྲེ་ན་གཙུག་ལག་སློབ་གཉེར་ཁང་ནང་སློབ་དཔོན་གྱི་ཕྱག་ལས་གནང་ཡོད་པ་རེད་ ཕྱི་ལོ་༢༠༠༩ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཆིབས་བསྒྱུར་ཞིག་གནང་སྐབས་ཁོང་གིས་གོང་ས་མཆོག་གི་མཇལ་ཁ་མཐའ་མ་དེ་ཞུས་གནང་ཡོད་པ་རེད་ ཁོང་ཉེ་ལམ་ཕྱི་ཚེས་༦ཉིན་འདས་གྲོངས་སོང་སྐབས་དགུང་གྲངས་༨༨ཡིན་པ་རེད་