ཧྥ་རན་སིའི་ནང་ད་ལྟའི་བོད་དང་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ལ་བགྲོ་གླེང་།
2018.12.07

ཧྥ་རན་སིའི་གྲོས་ཚོགས་ཀྱི་ཚོགས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་བགྲོ་གླེང་གནང་འདུག
ཧྥ་རན་སིའི་གྲོས་ཚོགས་ཀྱི་ཚོགས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་གོ་སྒྲིག་ཞུས་པའི་ཞོགས་ཇའི་སྐབས་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་དང་ལྷན་དུ་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་བགྲོ་གླེང་གནང་འདུག
དེ་ཡང་བགྲོ་གླེང་ལྷན་ཚོགས་དེའི་གཙོ་སྐྱོང་ལྕམ་(Tutu Picard)ལགས་ཀྱིས་གནང་ཡོད་པ་དང་། གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་(Andre Gattolin)ལགས་ཀྱིས་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་མཉམ་ཞུགས་གནང་འདུག
ཐོག་མར་བོད་རིག་པའི་མཁས་དབང་(Katia)ལགས་ཀྱིས་བོད་ཀྱི་སྐོར་གཏམ་བཤད་ངོ་སྤྲོད་གནང་བ་དང་། སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་རྒྱལ་སྤྱིས་ཤེས་རྟོགས་ཡོད་པའི་བོད་ཞེས་པ་ནི་རྒྱ་ནག་གཞུང་གིས་བཤད་བཞིན་པའི་བོད་རང་སྐྱོང་ལྗོངས་ཞེས་པ་དེ་ཡིན་ཀྱང་ང་ཚོ་བོད་མི་ཚོས་བོད་ཞེས་པ་ནི་མདོ་དབུས་ཁམས་གསུམ་ལ་ཟེར་གྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་དང་། ད་ལྟའི་འཆར་བོད་ནི་སི་རི་ཡའི་རྗེས་རང་དབང་ཆུང་ཤོས་ཀྱི་ཡུལ་ལུང་དེ་ཡིན་པ་དང་། བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཁང་པའི་སྒེའུ་ཁུང་ལས་གསང་བའི་ཐོག་ནས་ལྟ་ཞིབ་བྱ་མཁན་པར་ཆས་མང་བ་ཡོད་པ་རེད་ཞེས་གསུངས་འདུག
ཡང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་ཚོགས་མི་(Gattolin)ལགས་ཀྱིས་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ནས་ལོ་མང་ནས་བོད་ནང་འགྲོ་བསྐྱོད་ཆོག་པའི་མཐོང་མཆན་ཞུས་ཀྱང་རྒྱ་ནག་གཞུང་གིས་མཐོང་མཆན་གནང་མེད་སྐོར་གསུངས་པའི་ཐོག་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བའི་ལས་འགུལ་སྤེལ་ཀྱི་ཡོད་མེད་དང་། ཁོར་ཡུག་ཀྱི་གནས་སྟངས་སྡུག་ཏུ་འགྲོ་གི་ཡོད་མེད་སོགས་མཁྱེན་འདོད་ཡོད་ལུགས་གསུངས་འདུག
ཡང་ལྕམ་(Picard)ལགས་ཀྱིས་ཉེ་ཆར་འདས་གྲོངས་སུ་གྱུར་པའི་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་སྐོར་གསུངས་ཐོག་སྡུག་རྩུབ་ཅན་གྱི་རྒྱ་ནག་སྲིད་གཞུང་གིས་བོད་མིར་དྲག་གནོན་བྱ་སྟངས་དེ་ཚོས་ང་རང་ལ་འཇིགས་སྐྲག་དང་ཧང་སང་དགོས་པ་ཡོིང་གི་འདུག་ཞེས་གསུངས་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།