ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་ལ་ར་ཤེ་ཡར་གནོན་ཤུགས་དང་ཡང་ན་སྐུལ་མ་བྱེད་པའི་རེ་བ་ཡོད་པ་གསུངས་འདུག
དེ་ཡང་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)་ལགས་འདི་ཚེས་༥གཟའ་ལྷག་པའི་ཉིན། རྒྱ་ནག་ཏུ་ཉིན་གྲངས་གསུམ་རིང་གི་རྒྱལ་དོན་འཚམས་གཟིགས་ལ་ཕེབས་འབྱོར་བྱུང་ཡོད་པ་དང་། ཁོང་ལ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམག་མིའི་རུ་བསྒྲིགས་དང་འབྲེལ་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཕེབས་བསུའི་སྣེ་ལེན་ཞུས་འདུག
གཟའ་ཕུར་བུའི་ཉིན་སྲིད་འཛིན་མེཀ་རོན་ལགས་ཀྱིས་དངོས་སུ་གཞུང་འབྲེལ་གྱི་ཐོག་ནས་ཞི་ཅིན་ཕིན་དང་མཇལ་འཕྲད་གནང་ནས་ཡུལ་གཉིས་བར་ཚོང་འབྲེལ་ཡར་རྒྱས་གཏོང་ཕྱོགས་དང་ཁོར་ཡུག་བཅས་པའི་གནད་དོན་ཐོག་བཀའ་བསྡུར་གནང་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་སྲིད་བློན་དང་ཡང་མཇལ་འཕྲད་གནང་ཡོད་འདུག
ཡང་རོཡེ་ཊར་གསར་ལས་ཁང་གིས་འགོ་ཁྲིད་རྣམ་གཉིས་མཇལ་འཕྲད་སྐབས་བཀའ་མོལ་ཇི་བྱུང་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བའི་ནང་། ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)་གིས་སྲིད་འཛིན་ཞི་ཅིན་ཕིན་ལ། ད་ལྟའི་དུས་ཚོད་འདིར་ཡུཀ་རེན་དང་ར་ཤེ་ཡའི་དམག་འཁྲུག་གི་རྐྱེན་པས་བརྟན་བརླིང་མེད་པའི་གནས་སྟངས་སུ་གྱུར་ཡོད། འོན་ཀྱང་གནས་ཚུལ་ལྷིོང་འཇགས་ཡོང་ཐབས་སུ་ར་ཤེ་ཡའི་ངོས་ནས་གྲོས་མོལ་གྱི་གོམ་པ་སྤོས་ཏེ་ཞི་བདེ་སྐྲུན་ཐབས་བྱེད་རྒྱུར། རྒྱ་ནག་གི་ངོས་ནས་ར་ཤེ་ཡར་གནོན་ཤུགས་སྤྲོད་པ་འམ་ཡང་ན་སྐུལ་མ་བྱེད་པའི་རེ་བ་ཡོད་ཅེས་གསུངས་ཡོད་འདུག
འདས་པའི་ཕྱི་ལོ་༢༠༢༢ལོར་ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱས་ཏེ་དམག་འཁྲུག་འགོ་བཙུགས་པ་ནས་བཟུང་། ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས། ལྷག་པར་དུ་ཡོ་རོབ་རྒྱལ་ཁབ་ཚོས་རྒྱ་ནག་ལ་ར་ཤེ་ཡ་དང་མཉམ་འབྲེལ་བྱེད་ཕྱོགས་ཐད་སྐྱོན་བརྗོད་བྱས་དང་བྱེད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་ད་བར་དུ་དམག་འཁྲུག་དེ་ར་ཤེ་ཡའི་ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་མེད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།