བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་བཞུགས་སྒར་དུ་ཚོགས་བཞིན་པ།

2023.04.06
བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་བཞུགས་སྒར་དུ་ཚོགས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་བཞུགས་སྒར་དུ་ཚོགས་བཞིན་པའི་སྐབས། ༢༠༢༣།༠༤།༠༦ ཉིན།
RFA

བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གིས་རྣམ་ཀུན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ། བོད་དོན་དང་འབྲེལ་བའི་གནས་ཚུལ་དབྱེ་ཞིབ་སྙན་གསན་དང་། ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་འཆར་འགོད་ཞུས་ཏེ་འདོན་འབུལ་བྱེད་དུ་འཇུག་བཞིན་པ་ལྟར། གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་༤དེ་བཞིན། སྤྱི་ཟླ་༤པའི་ཚེས་༦ཉིན་ནས་ཚེས་༨བར་ཉི་མ་གསུམ་རིང་། བཞུགས་སྒར་ཉེ་མཁྲིས་ཀྱི་ནོར་བུ་གླིང་ག་རུ་འཚོགས་བཞིན་པ་དང་། ཚོགས་ཆུང་གི་ཚོགས་འདུ་དེ་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་བཅས་ལྷན་ཞུགས་གནང་ཡོད་པ་མ་ཟད། འཆར་ཅན་ལྟར་སློབ་སྟོན་པའི་ཁོངས་ཀྱི་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བསྐལ་བཟང་རྒྱལ་མཚན་ལགས་དང་། བཀའ་ཟུར་བསྟན་པ་ཚེ་རིང་ལགས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་བཅས་ཕེབས་ཡོད་པ་དང་། གཞན་ཡང་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སོགས་ཚོགས་ཞུགས་གནང་ཡོད་པ་དང་། རེས་གཟའ་སྤེན་པའི་ཉིན་བར་གསར་འགོད་པ་ཚོར་བཅར་འདྲི་དང་ལེན་གནང་གི་མེད་པར་བརྟེན། ད་ལྟའི་ཆར་ཚོགས་འདུའི་ནང་དོན་སྙིང་པོ་ཤེས་རྟོགས་མི་ཐུབ་ནའང་། སྤྱི་ལོ་༢༠༢༢ལོའི་ཟླ་༡༡པའི་ནང་ཚོགས་ཆུང་གི་ཚོགས་འདུ་མཇུག་སྒྲིལ་གྱི་སྐབས་སུ། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་འདི་ག་གསར་ཁང་གི་བཅར་འདྲི་དང་ལེན་གྱིས། སྐབས་དེའི་ཚོགས་འདུ་ནི་སྲིད་སྐྱོང་མཆོག་ཕྱི་རྒྱལ་ཁག་ཏུ་གཟིགས་སྐོར་གྱིས་གཞུང་གི་དཔོན་རིགས་ཚོར་མཇལ་འཕྲད་ཞུས་པ་དང་། རྒྱ་ནག་ནང་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་གནད་དོན་དང་མཇུག་འབྲས་ལ་ཚོད་དཔག་སོགས་ཡིན་པ་འགྲེལ་བརྗོད་གནང་སོང་ལ། གཞན་ཡང་ཁོང་གིས་སྐབས་དེར་གལ་ཏེ་རྒྱ་ནག་གཞུང་ལ་སྐད་ཆ་བཤད་རྒྱུའི་ཐབས་ལམ་དང་གོ་སྐབས་བྱུང་ན། ང་ཚོར་སྐད་ཆ་བཤད་རྒྱུར་ཐེ་ཚོམ་བྱ་དགོས་པ་མེད་ནའང་། ད་ལྟའི་ཆར་གོ་སྐབས་དེ་འདྲ་མེད་པ་སོགས་ཀྱང་འགྲེལ་བརྗོད་གནང་སོང་།

སྤྱིར་བཏང་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཟེར་བ་དེ་སྤྱི་ལོ་༡༩༩༨ལོ་གསར་འཛུགས་གནང་ནས། བཀའ་ཤག་རིམ་པས་སྐབས་སུ་ཚོགས་ཆུང་དེ་ག་རྒྱུན་བསྐྱངས་ནས་ཡོང་ཡོད་ནའང་། སྤྱི་ལོ་༢༠༢༡ཟླ་བ་༨པའི་ཚེས་༡༣ཉིན་ནས་བཟུང་བཀའ་ཤག་གིས་ཚོགས་ཆུང་ཕྱིར་བསྡུའི་ཐག་གཅོད་དང་སྦྲགས། བཀའ་ཤག་ནས་ཕེབས་པའི་འཛིན་སྐྱོང་བཀོད་ཁྱབ་ཀྱི་ནང་དུ།“འབྲེལ་ཡོད་མཐོ་རིམ་ལས་བྱེད་ཁག་ཅིག་ལ་འགན་བསྐུར་བགྱིས་པའི་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་གཏན་འཇགས་སུ་བཙུགས་ཏེ། ཚོགས་ཆུང་ནས་རྣམ་ཀུན་སྲིད་སྐྱོང་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་དབྱེ་ཞིབ་སྙན་གསན་དང་། ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་འཆར་འགོད་ཞུས་ཏེ་འདོན་འབུལ་བྱེད་དུ་འཇུག་རྒྱུ་ཡིན་པ་”ཞེས་འཁོད་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎