རྒྱ་གཞུང་གིས་བོད་མི་བཞི་ལ་དུས་བཀག་བཙོན་བཅུག་བྱས་པ།
2009.08.27
༄༅༎སྔར་ལོའི་བོད་ནང་བོད་མིའི་ཞི་བའི་སྒེར་ལངས་ཀྱི་ལས་འགུལ་དང་འབྲེལ་རྒྱ་ནག་གཞུང་གིས་ད་རེས་སླར་ཡང་བོད་རིགས་ན་གཞོན་བཞི་ལ་ལོ་གཉིས་ནས་བཅོ་ལྔའི་བར་བཙོན་བཅུག་གི་ཉེས་ཆད་བཏང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གིས་བོད་གཞུང་དྲ་གནས་ཀྱི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་གཞུང་དྲ་གནས་ཀྲི་སྦེཏ་ནེཏ་ཞེས་པའི་གནས་ཚུལ་སྤེལ་དོན་ལྟར་ན་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་འདི་ལོའི་འགོ་བསྟོད་བོད་རིགས་ན་གཞོན་བཞི་ལ་བཙོན་བཅུག་གི་ཁྲིམས་ཆད་བཏང་ཡོད་པ་དང་ལྷ་ས་འབྲིང་རིམ་ཁྲིམས་ཁང་ཟེར་བས་ཁྲིམས་ཆད་ནང་སྟག་རྩེ་རྫོང་ནས་ཡིན་པའི་དེ་སྔོན་གསང་བསྔག་དགོན་པའི་གྲྭ་པ་ཡིན་པ་རང་ལོ་ཉི་ཤུ་རྩ་དྲུག་ཡིན་པ་མིང་ལ་བློ་བཟང་དབང་ཕྱུག་ཞུ་བར་ལོ་བཅོ་ལྔའི་བཙོན་བཅུག་གི་ཉེས་ཆད་བཏང་ཡོད་པ་དང་གཞན་རང་ལོ་ཉི་ཤུ་རྩ་གསུམ་ཡིན་པ་མིང་ལ་ཚུལ་ཁྲིམས་དང་ཡང་རང་ལོ་ཉི་ཤུ་རྩ་བཞི་ཡིན་པ་མིང་ལ་ཆོས་འཕེལ་ཞུ་བ་གཉིས་ལ་ལོ་གཉིས་དང་ཕྱེད་ཀའི་བཙོན་བཅུག་གི་ཉེས་ཆད་བཏང་ཡོད་པ་དང་ཁོང་གསུམ་གྱིས་སྔར་ལོ་སྟག་རྩེ་རྫོང་གི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བའི་ཉེས་བཙུགས་བྱས་ཀྱི་ཡོད་པ་དང་ཕྱོགས་མཚུངས་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་གིས་བོད་རིགས་ན་གཞོན་རང་ལོ་ཉི་ཤུ་རྩ་གཉིས་ཡིན་པ་མིང་ལ་ལྷག་པ་ཚེ་རིང་ཞུ་བ་ཞིག་ལ་སྔར་ལོ་བོད་ཀྱི་རྒྱལ་ས་ལྷ་སའི་ཞི་རྒོལ་ཆེན་པོའི་ནང་ཆ་ཤས་ལེན་པའི་ཉེས་བཙུགས་ཀྱི་འོག་ལོ་ལྔའི་བཙོན་བཅུག་གི་ཉེས་ཆད་བཏང་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།