རྒྱ་བལ་ས་མཚམས་ནས་བོད་མི་བཞི་འཇུ་བཟུང་བྱས་འདུག
2014.11.25
བལ་ཡུལ་གྱི་ས་སྲུང་ཉེན་རྟོག་པས་རྒྱ་གར་དང་བལ་ཡུལ་ས་མཚམས་ནས་བོད་མི་བཞི་འཇུ་བཟུང་བྱས་ནས་ཉེས་ཆད་བཏང་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། བོད་མི་དེ་དག་རྒྱ་གར་ནས་བལ་ཡུལ་དུ་ཡོང་སྐབས་ཕྱི་ཟླ་༡༡ཚེས་༢༣ཉིན་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ས་ཁུལ་སོ་ནའོ་ལི་ཞེས་པ་དེ་ནས་བལ་ཡུལ་གྱི་ས་སྲུང་ཉེན་རྟོག་པས་ཁྲིམས་མཐུན་གྱི་ཆོག་མཆན་ལག་འཁྱེར་མེད་པའི་ཉེས་དམིགས་འོག་འཛིན་བཟུང་བྱས་ཏེ་ཕྱི་ཚེས་༢༤ཉིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་འདུག ལས་ཁུངས་དེ་ནས་བོད་མི་གསུམ་ལ་རྒྱ་ནག་གཞུང་གིས་སྤྲད་པའི་ཕྱིར་བསྐྱོད་ལག་འཁྱེར་ཡོད་པ་ཤེས་རྟོགས་བྱུང་རྗེས་བལ་ཡུལ་སྒོར་མོ་ཆིག་སྟོང་རེའི་ཉེས་ཆད་བཏང་རྗེས་གློད་གྲོལ་བཏང་འདུག་ཀྱང་། མི་བཞི་པ་ཁྲིམས་མཐུན་ལག་འཁྱེར་གང་ཡང་མེད་སྟབས་མུ་མཐུད་བཀག་ཉར་འོག་བཞག་ཡོད་འདུག མི་བཞི་པོ་དེ་དག་ནི་བསོད་ནམས་དང་། གཏམ་པོ། བཀྲ་ཤིས། ཚེ་དབང་རིག་འཛིན་བཅས་ཡིན་པ་ཤེས་རྟོགས་བྱུང་བ་ལས་ཁོང་ཚོ་བོད་ཀྱི་ས་ཁུལ་གང་ནས་ཡིན་མིན་སོགས་ད་བར་རྩད་གཅོད་ཐུབ་མེད་པ་རེད།
བལ་ཡུལ་གཞུང་ཐོག་རྒྱ་ནག་གཞུང་གིས་གནོན་ཤུགས་ཇེ་ཆེར་སྤྲད་པའི་ཉེར་ལེན་གྱིས་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བོད་མི་ཚོའི་ཐོག་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་དང་། བོད་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་དུ་ཡོང་མཁན་ཚོར་བཙན་ཤེད་དང་འཇུ་བཟུང་། རྒྱ་ནག་ལ་རྩིས་སྤྲོད་བྱས་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་སྤྲོད་བཞིན་ཡོད་པ་ཟླ་བ་འགའ་ཤས་གོང་ཨ་མི་རི་ཀའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་བཏོན་པའི་སྙན་ཐོའི་ནང་གསལ་པོར་བཀོད་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་དང་ཀླུ་འབུམ།