༧གོང་ས་མཆོག་ལ་བརྟན་བཞུཊ་དང་གསེར་གྱི་གཟེངས་རྟཊ་འབུལ་བ།


2015.11.03
༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་སླད་གསེར་གྱི་གཟེངས་རྟགས་འབུལ་བ། ༢༠༡༥།༡༡།༣ ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་སླད་གསེར་གྱི་གཟེངས་རྟགས་འབུལ་བ། ༢༠༡༥།༡༡།༣
འཇིགས་མེད་སྙན་གྲགས/RFA

༧གོང་ས་མཆོག་གིས་ཁོང་གི་སྐུ་རིང་བོད་དོན་ཆེད་སྐུ་ལས་རྒྱབ་པར་མཐའ་མཇུག་ཏུ་འགྲིག་མ་སོང་ཟེར་ན་ཅུང་བློ་ཕམ་ཡོང་གི་ཡོད་པ་གསུངས་འདུག དེའི་སྐོར་ང་ཚོའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།

དེ་ཡང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས། རྒྱལ་བ་རིན་པོ་ཆེ་བོད་ལ་ཤ་ཚ་གི་རེད། ད་བར་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁུར་ནས་ལོ༦༠རིང་ལས་ཀ་བྱས་པ་རེད། ད་ང་རྒན་ཡོལ་བྱས་ནས་ལོ་བརྒྱད་ཅུར་སླེབས་པའི་ཁ་ཐུག་ལ་ད་འགྲིག་མ་སོང་ལབ་པ་ཡིན་ན་སྐབས་རེར་ཅུང་བློ་ཕམ་ཡོང་གི་འདུག སེམས་པ་རྣམ་དག་བྱས་བ་ཡིན། ད་ཡག་བྱུང་ཟེར་རྒྱུའི་ཚབ་ལ་འཐུས་ཤོར་བཏང་བྱ་ཞེས་ལབ་ན་བློ་ཕམ་གྱི་འདུག ཁོང་གི་སྐུ་རིང་བོད་དོན་ཆེད་སྐུ་ལས་རྒྱབ་པར་མཐའ་མཇུག་ཏུ་འགྲིག་མ་སོང་ཟེར་ན་བློ་ཕམ་ཡོང་གི་འདུག དེ་རིང་ཁྱེད་རང་ཚོས་ང་རང་ཚོར་རྩ་བའི་ལམ་སྟོན་ཡོད་བསྡད་པའི་ཐོག་ཤར་བསྐྱོད་བྱེད་ཀྱི་ཡོད་ཟེར་བ་དེར་ང་ཞེ་དྲག་དགའ་བོ་བྱུང་ཞེས་སོགས་གསུངས་ཡོད་པ་རེད།
དེ་ནི་དེ་རིང་ཕྱི་ཟླ་༡༡ཚེས་༣ཉིན་ལྷ་བབ་དུས་ཆེན་ཉིན་དང་བསྟུན་ནས། བར་ཁམས་རོང་པོ་
ཤོག་ཀ་ཕྱེད་བརྒྱད་དང་། བར་ཁམས་སོག་ཤོད། བར་ཁམས་ཁྲི་རྡོ། རྡ་སར་བརྟེན་གཞི་བྱེད་པའི་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་བཅས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ་མགོན་པོ་གང་ཉིད་ཀྱིས་འཛམ་གླིང་སྤྱི་དང་ཁྱད་པར་བོད་མི་རིགས་རིག་གཞུང་བཅས་པར་བཀའ་དྲིན་ཤིན་ཏུ་ཆེ་བར་བརྟེན། གསེར་གྱི་གཟེངས་རྟགས་ཁག་གཉིས་འབུལ་ལམ་ཞུས་གནང་འདུག  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་དུ་༧ཞབས་སོར་འཁོད་མཚམས། ༧གོང་ས་མཆོག་གིས་ཚེ་དབང་སྒྲུབ་བཞག་མཛད་རིང་། མང་ཚོགས་ནས་ཐོག་མར་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གསོལ་འདེབས། གུ་རུའི་གསོལ་འདེབས། ༧རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུངས། དེ་རྗེས་དངོས་གཞི་བཀའ་ཆོས་སེམས་བསྐྱེད་དང་ཚེ་དབང་གི་གསོལ་འདེབས་སྐབས་ཁྲི་རྡོ་ཞབས་དྲུང་ཆོས་དབང་གྲགས་པ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་ཆབས་གཅིག་ཚོགས་ཁག་གཞན་གསུམ་གྱི་ཚོགས་གཙོ་རྣམས་ཀྱིས་མཇལ་བཅར་ཞུས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྟན་བཞུགས་ཀྱི་སྐོར་ལ་གསུང་བཤད་གནང་སྐབས། དེ་རིང་ཁྱེད་རང་ཚོ་བརྟན་བཞུགས་ཁག་དངོས་གནས་དད་དམ་གཙང་མ་ངོ་གདོང་ལ་བལྟས་ནས་འདྲ་ཆགས་པོ་བཤད་བཞག་པའི་སྐད་ཆ་མ་རེད། དེ་སྔ་བོད་ལ་ཡོད་སྐབས་ཡིན་ན་རེད། རྒྱ་གར་ནང་བཙན་བྱོལ་ཆགས་ནས་ལོ་ ༥༦ གི་སྒང་ལ་འགྲོ་བཞིན་ཡོད་པ་རེད། དེའི་རིང་ལ་དད་དམ་གཡོ་བ་མེད་པ་བྱས་ནས་འདི་ལྟར་བསྡད་པ་རེད། བླ་མ་ལ་བརྟན་བཞུགས་ཕུལ་ཟེར་བ་དེ་འབུལ་དངོས་ཀྱི་ཐོག་ནས་བརྟན་བཞུགས་ཡོང་བ་ཟེར་བ་དེ་མ་རེད། དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་པ་ཡིན་ན། བླ་མ་དང་སློབ་མའི་བར་དུ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་རེད། ང་ལ་ཆ་བཞག་ནའང་། ང་ཨ་མདོ་སྐུ་འབུམ་གྱི་གྲོང་གསེབ་ཆུང་ཆུང་ཞིག་ལ་སྐྱེས་པ་རེད། དེ་འདྲའི་ཕྲུ་གུ་ཞིག་རིམ་གྱིས་༧རྒྱལ་བ་རིན་པོ་ཆེ་ཡིན་པ་འདྲ་པོ་མཐོང་བ་དང་། ང་རང་གི་ངོས་ནས་ཀྱང་ལོ་༨༡ ལ་བསླེབས་པའི་བར་དུ་གང་ལྟར་བོད་སྤྱི་པའི་དོན་ལ་སེམས་ཁུར་ཞིག་བླངས་ཏེ་གང་ཡོང་ཅི་ཡོང་བྱས་པ་རེད། སྐུ་འབུམ་གྱི་ཉེ་འཁོར་ས་ཆ་ཁུག་ཀྱོག་གཅིག་ཏུ་སྐྱེས་པའི་ཕྲུ་གུ་ཞིག་ཧོབ་སྟེ་དེ་འདྲ་ཆགས་པ་དེ། ལས་དང་སྨོན་ལམ་གྱི་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་པ་རེད་མ་གཏོགས་ཤུགས་རྐྱེན་གང་ཡང་མེད་པར་ཡོང་གི་མ་རེད། ང་ཚོའི་བར་དུ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཤུགས་ཆེན་པོ་ཞིག་ཡོད་དུས། དད་པ་དང་དམ་ཚིག་ཟེར་བ་དེ་གལ་ཆེན་པོ་ཞེ་དྲགས་རེད། ཁྱེད་རང་ཚོའི་ངོས་ནས་ཐོག་མཐའ་བར་གསུམ་དུ་བསམ་པ་རྣམ་དག་དང་དད་དམ་གཡོ་བ་མེད་ པར་གནས་པ་དང་། དེ་རིང་འདིར་ཀུན་སློང་ལྷག་བསམ་རྣམ་པར་དག་པ་ཞིག་གི་ཐོག་ནས་བརྟན་བཞུགས་བཀྱགས་ཡོད་སྟབས། ནུས་པ་གང་འཚམ་ཞིག་ཡོང་གི་རེད། ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད་ཅེས་གསུངས་འདུག
དེ་རྗེས་གང་ཉིད་གསུང་ཆོས་རྭ་བར་གདན་ཞུས་ཀྱིས་གོང་ཞུས་ཚོགས་པ་ཁག་གིས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་སླད་གསེར་གྱི་གཟེངས་རྟགས་ཁག་གཉིས་འབུལ་ལམ་ཞུས་པར་ཐུགས་དགྱེས་བཞེས་མཛད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎