རྒྱ་ནག་གིས་ཁྲི་རྡོ་ཡུལ་ཚོའི་བོད་མི་བཞི་འཇུ་བཟུང་བྱས་འདུག
2014.04.16
རྒྱ་ནག་གཞུང་གིས་ནག་ཆུ་སོག་རྫོང་ཁྲི་རྡོ་ཡུལ་ཚོའི་དགེ་འདུན་པ་གཅིག་དང་མི་སྐྱ་གསུམ་འཛིན་བཟུང་བཙན་ཁྲིད་བྱས་འདུག
དེ་ཡང་རིན་ཆེན་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། ཟླ་བ་འདིའི་ཕྱི་ཚེས་༦ཙམ་ལ་ནག་ཆུ་སོག་རྫོང་ཁྲི་རྡོ་ཡུལ་ཚོའི་དྲིལ་མདའ་དགོན་པའི་དགེ་འདུན་པ་བསྟན་གྲགས་དང་། མི་སྐྱ་ཕུར་བུ་གཉིས་རྒྱ་གཞུང་གིས་ཁྲི་རྡོ་ཡུལ་ཚོ་ནས་འཛིན་བཟུང་གིས་སོག་རྫོང་དུ་འཁྲིད་ཡོད་པ་དང། དེ་བཞིན་སོག་རྫོང་ཁྲི་རྡོ་ཡུལ་ཚོའི་གྲོང་ཚོ་བཞི་པའི་འགོ་ཁྲིད་ཁྲི་འདུལ་དང་། ཟླ་གྲགས་གཉིས་རྒྱ་གཞུང་གིས་ནག་ཆུ་ནས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་བརྗོད་འདུག ད་དུང་ཁོང་གིས་བརྗོད་དོན། དེ་སྔོན་ས་ཁུལ་དེའི་ལྕགས་ཟམ་ཟམ་པའི་ཐོག་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བའི་དོགས་གཞིའི་འོག་དྲིལ་མདའ་དགོན་པའི་དགེ་འདུན་པ་མང་པོ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ལྟར། དགེ་འདུན་པ་བསྟན་གྲགས་ལགས་ཀྱང་དོགས་གཞི་དེའི་འོག་འཛིན་བཟུང་བྱས་པ་ཞིག་ལས། དེ་མིན་མི་སྐྱ་གསུམ་པོ་དེ་རྣམས་རྒྱ་གཞུང་གིས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཁ་གསལ་ཤེས་རྟོགས་བྱུང་མེད་པ་རེད། དགེ་འདུན་པ་བསྟན་གྲགས་ལགས་དང། མི་སྐྱ་ཕུར་བུ། གཞན་བོད་མི་རབ་གསལ་ཞུ་བ་ཁོང་གསུམ་གྱིས་དེ་སྔོན་༢༠༡༢ལོའི་ཟླ་བ་བཞི་པའི་ནང་རྒྱ་གཞུང་གིས་དྲིལ་མདའ་དགོན་པར་མངགས་གཏོང་བྱས་པའི་ལས་བྱེད་པ་ཚོའི་སྡོད་ཁང་གི་སྒོ་བྱང་བཅགས་གཏོར་བྱེད་མཁན་ཡིན་པའི་དོགས་གཞིའི་འོག་འཇུ་བཟུང་བྱས་མྱོང་ཡོད་པ་དང་། ཁོང་གསུམ་བདུན་གཅིག་མ་ཟིན་ཙམ་རིང་བཀག་ཉར་གྱིས་གློད་བཀྲོལ་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།
ཡང་བརྒྱུད་ལམ་ཁག་གི་གནས་ཚུལལྟར་ན། ཉེ་བའི་ཟླ་༣ ཚེས་༡༧ གྱི་མཚན་མོ་རྒྱ་གཞུང་གིས་སོག་རྫོང་དྲིལ་མདའ་དགོན་པའི་ཚངས་དབྱངས་རྒྱ་མཚོ་དང་། ཚེ་དབང་། ཨ་ཚེ། རྒྱལ་མཚན་བཅས་གྲྭ་པ་༤ འཛིན་བཟུང་བཀག་ཉར་བྱས་པར་བརྟེན། དྲིལ་མདའ་དགོན་པའི་གྲྭ་པ་༦ ཕྱི་ཟླ་༣ ཚེས་༡༩ ཉིན་ཁྲི་རྡོ་ཡུལ་ཚོའི་སྲིད་གཞུང་གི་ལས་ཁུངས་སུ་བཅར་ནས་གློད་གྲོལ་དགོས་པའི་རེ་འདུན་ཞུ་སྐབས། ཁོང་ཚོ་ཡང་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཡོད་པ་རེད།
གཞན་ཡང་དེང་སྐབས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁྲི་རྡོ་ཡུལ་ཚོའི་གྲོང་མི་ཚོས་སྒེར་གྱི་སྣུམ་འཁོར་ཆེད་ཉོས་པའི་རྡོ་སྣུམ་ཚང་མ་གཞུང་བཞེས་བཏང་བ་དང་། སྦག་སྦག་དང་མོ་ཊའི་སྣུམ་བླུག་སྐབས་ཐོབ་ཐང་ལག་ཁྱེར་སྟོན་དགོས་པ་བཟོས་འདུག་པ་ནི་ས་གནས་དེར་རང་ལུས་མེར་སྲེག་མི་ཡོང་པའི་སྔོན་འགོག་ཆེད་ཡིན་པ་ཚོད་དཔག་བྱེད་བཞིན་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།