བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་རྡ་རམ་ས་ལ་རུ་སྤྱི་འཐུས་ཚོགས་གཙོ་དང་ཕྱི་དྲིལ་བཀའ་བློན་སོགས་དང་མཇལ་འཕྲད་གནང་ཡོད་པ།

2023.06.30
བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་རྡ་རམ་ས་ལ་རུ་སྤྱི་འཐུས་ཚོགས་གཙོ་དང་ཕྱི་དྲིལ་བཀའ་བློན་སོགས་དང་མཇལ་འཕྲད་གནང་ཡོད་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་རྡ་རམ་ས་ལ་རུ་སྤྱི་འཐུས་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
བོད་མིའི་སྒྲིག་འཛུགས།

འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས། སྤྱི་ལོ་༢༠༡༧ ལོར་ཨ་རིར་སྐྱབས་བཅོལ་དུ་ཕེབས་པའི་རྗེས། ད་རེས་ཐེངས་དང་པོར་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་འདུག འདིའི་ཐད་དོན་གྲུབ་དབང་ཆེན་ལགས་ཀྱིས་སྤྱི་ཚེས་༣༠ཉིན་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་སྐབས། ད་རེས་ཁོང་བཞུགས་སྒར་ལ་ཕེབས་དོན་གཙོ་བོ་དེ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་རྒྱུ་དེ་ཡིན་པ་དང་། ཁོང་ཨ་རིར་བྲོས་བྱོལ་དུ་ཡོང་ནས་ལོ་དྲུག་མིན་ཙམ་ཞིག་འགྲོ་གི་ཡོད་པ་དང་། དུས་ཡུན་འདིའི་རིང་རྡ་རམ་ས་ལར་ཡོང་ཐབས་ཐེངས་གསུམ་ལ་བྱས་ཀྱང་ཐོངས་མཆན་ཡིག་ཆ་མ་རག་པ་དང་། ད་རེས་དོན་གཅོད་ལས་ཁུངས་ཁག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱི་རོགས་རམ་ལ་བརྟེན་ནས་ཡོང་ཐུབ་པ་བྱུང་ཞིང་། རྡ་རམ་ས་ལ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་གནང་ནས་མི་ལོ་༦༠ལྷག་རིང་གི་བཞུགས་ཡུལ་དང་། དེ་བཞིན་བོད་མིའི་ཆབ་སྲིད་ཀྱི་ལྟེ་གནས་བཅས་ཡིན་པས་ད་རེས་འདིར་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་བྱུང་།
སྤྱི་ཚེས་༢༩ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་། ཁོང་གི་ནང་མི་རྣམས་རྡ་རམ་ས་ལའི་གྷ་གྷལ་གནམ་ཐང་དུ་འབྱོར་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་བོད་མི་མང་སྤྱི་འཐུས་ཁག་ཅིག དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། བོད་མི་སྒེར་པ་བཅས་ནས་འཚམས་འདྲིའི་མཇལ་དར་ཕུལ་བ་དང་སྦྲགས་ཕེབས་བསུའི་སྣེ་ལེན་ཞུས་འདུག་ལ།
ཉིན་དེ་རང་ལ་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་དང་དྲུང་ཆེ་གཉིས་ལ་མཇལ་འཕྲད་དང་། དེ་བཞིན་སྤྱི་ཚེས་༣༠ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ནས། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པར་མཇལ་འཕྲད། གཞན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དང་བོད་ཀྱི་སྨན་རྩིས་ཁང་སོགས་ལ་ཕེབས་ནས་བོད་ནང་གི་གནས་སྟངས་དང་། འཇིགས་བྲལ་གློག་བརྙན་གྱི་སྐོར་སོགས་ནས་བཀའ་མོལ་གནང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་དོན་གྲུབ་དབང་ཆེན་ལགས་ཀྱིས་མུ་མཐུད་དུ་གསུངས་བྱུང་། སྤྱིར་དོན་གྲུབ་དབང་ཆེན་ལགས་ཐོག་མར་སྤྱི་ལོ་༢༠༠༧ལོར་བཞུགས་སྒར་དུ་ཡོང་མྱོང་ཡོད་ཀྱང་། རྗེས་སུ་ཕྱིར་བོད་ལ་ཕེབས་ནས། སྤྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གོང་ཙམ་ལ་ཁོང་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་གཉིས་ཀྱིས་བོད་ནང་གི་བོད་མི་ཚོར་བཅར་འདྲི་བརྒྱུད་བོད་མིའི་མངོན་འདོད་མཚོན་པའི་དངོས་བྱུང་གློག་བརྙན་འཇིགས་བྲལ་ཞེས་པ་བཟོས་ནས་ཕྱི་ཕྱོགས་སུ་བཀྲམས་པའི་རྗེས། རྒྱ་ནག་གཞུང་གིས་འཛིན་བཟུང་གིས། དོན་གྲུབ་དབང་ཆེན་ལགས་མི་ལོ་༦གི་རིང་རྒྱ་ནག་གི་བཙོན་ཁང་དུ་མནར་གཅོད་ཚད་མེད་མྱངས་རྗེས་གློད་གྲོལ་ཐོབ་ཡོད་ཀྱང་། མུ་མཐུད་དམ་དྲག་དང་སུན་གཙེར་བྱས་པའི་གནས་སྟངས་འོག་སྤྱི་ལོ་༢༠༡༧ལོར་རྒྱ་ནག་ནས་བྲོས་བྱོལ་གྱིས་ཡུ་རོབ་བརྒྱུད་ཨ་རིར་སྐྱབས་བཅོལ་དུ་འབྱོར་ནས་ནང་མི་ལྷན་འཛོམས་བྱུང་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎