བོད་མི་ཚང་མས་ཧུར་ཐག་བྱེད་དགོས། ༸གོང་ས་མཆོག་གིས།
རྒྱུན་ལྡན་གྱི་གནང་སྒོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་གོ་སྒྲིག་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་དང་། བཀའ་ཟུར་ཀརྨ་ཡེ་ཤེས་ལགས། བཀའ་ཟུར་ཆོས་སྐྱོང་དབང་ཕྱུག་ལགས། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ནང་དུ་སྲི་ཞུ་ལས་བྱེད་ཀྱི་ཞབས་ཞུ་བསྒྲུབས་ནས་མི་ལོ་ཧྲིལ་པོ་ ༢༠ ལྷག་འཁོར་བ་བཅས་མི་གྲངས་ཉི་ཤུ་རྩ་གཅིག་ལ་ཕྱི་ཟླ་ ༤ ཚེས་ ༣ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་རེ་གསོལ་སྩལ་གནང་ཡོད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚེ་རབས་རྗེས་འཛིན་གྱི་བཀའ་སློབ་ཕེབས་ཡོད་པ་རེད།
དེ་ཡང་མཇལ་ཁ་བསྒྲུབས་མཚམས་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གིས། “༧གོང་ས་མཆོག་གིས་ང་ཚོར་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་༧གོང་ས་མཆོག་༧གང་ཉིད་ཀྱིས་མུ་མཐུད་དབུ་ཁྲིད་མཛད་དེ། བོད་མི་ཚང་མ་སེམས་ཤུགས་ཡོད་པའི་ཐོག་ནས་ཧུར་ཐག་འབད་ཐག་བྱས་ཤོག་ཅེས་བཀའ་གནང་བ་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་སེམས་ལ་བཅང་པའི་ཐོག་ནས། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ང་ཚོས་ངག་ཐོག་ལ་འཇུས་ཏེ་ལག་བསྟར་གྱིས། ཁོང་གི་མཛད་འཕྲིན་སྔར་ལྷག་དར་སྤེལ་གནང་རྒྱུ་དེ་ང་ཚོའི་འགན་རེད།”ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞུང་ཞབས་ཟུར་པ་ལྷ་མོ་ཚེ་རིང་ལགས་ནས་སྲོང་བཙན་གྱི་སྐུ་དེ་ཐོབ་པར་ཉུང་མཐར་ཡང་ཞབས་ལོ་ཉི་ཤུ་ལོན་དགོས་པར་བརྟེན། སྲི་ཞུ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་བྱ་དགའ་ཡོད་ན་མེད་ན་ཞིག་ཏུ་བརྩི་ཡི་ཡོད་པ་དང་། སྐུ་བརྙན་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་ཐོབ་པར་སྐལ་བ་བཟང་པོ་དང་། མི་ཚེ་བཟང་མཐའ་འཁྱོལ་སོང་བསམ་གྱི་ཡོད་པ་མ་ཟད། སོ་སོའི་ལས་ཀ་བྱེད་སྐབས་བོད་རྩ་དོན་དང་༧གོང་ས་མཆོག ལས་རྒྱུ་འབྲས་དཔང་བཞག་གིས་ལས་ཀ་བྱས་པ་ཡིན་པས། སེམས་པ་ལྷོད་ཤིག་ཤིག་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་བཀའ་བློན་ཟུར་པ་ཀརྨ་ཡེ་ཤེས་ལགས་ཀྱིས། ༧གོང་ས་མཆོག་གི་ཕྱག་ནས་སྲོང་བཙན་སྒམ་པོའི་སྐུ་བརྙན་ཐོབ་པ་དེར་ཧ་ཅང་དགའ་ཚོར་བྱུང་པ་དང་།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སེམས་ལ་བཟུང་སྟེ་ད་དུང་ཡང་བོད་སྤྱི་པའི་དོན་དུ་ལས་ཀ་བྱེད་རྒྱུའི་སེམས་ཤུགས་འཕར་མ་སྐྱེས་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དབང་འདུས་ཚེ་རིང་ལགས་ཀྱིས། མཇལ་ཁ་འདི་ཐུགས་དགྱེས་ཚོར་ཆེན་པོས་གནང་སོང་བ་མ་ཟད། བཀའ་གནང་གསལ་དུ་“ངས་འགོ་ཁྲིད་པའི་འོག་ཏུ་ཁྱེད་ཚོ་ལས་བྱེད་པ་ཚོས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་པས། དེ་ཚོ་ཚང་མ་ཚེ་རབས་ཀུན་ཏུ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་ངེས་རེད།”ཅེས་བཀའ་བཞེས་ཟབ་མོ་ཐོབ་སོང་བ་འགྲེལ་བརྗོད་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བགྲེས་ཡོལ་དུ་ཕེབས་མི་དང་བགྲེས་ཡོལ་སྔ་སྣུར་དུ་ཕེབས་མཁན་གྱི་རིགས་ཞབས་ལོ་ཉི་ཤུ་འཁོར་བ་ཚོར། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་མཚན་ཐོ་བསྡུས་ཏེ་ཆོས་རྒྱལ་སྲོང་བཙན་གྱི་སྐུ་བརྙན་གནང་བའི་ལམ་སྲོལ་ཡོད་པ་མ་ཟད། དེ་ཡང་མི་སོ་སོའི་བདམས་ཀ་གཞིར་བཟུང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་ཉིན་མོ་དང་། ཡང་ན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་མཆོག་རང་གི་ཕྱག་ནས་ཞུ་ཆོག་པའི་ལམ་སྲོལ་གཏན་འབེབས་གནང་ཡོད་པ་རེད་འདུག།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།