རྒྱ་ནག་གི་རིག་གཞུང་དཔོན་རིགས་མཐོ་ཤོས་ཕྱིར་འབུད་བྱས་པ།
2008.10.12
༄༅༎དེ་རིང་རྒྱ་ནག་གི་རིག་གཞུང་དཔོན་རིགས་མཐོ་ཤོས་ཡུས་ཡིའུ་ཅུན་དབུས་དམར་ཤོག་ཚོགས་པའི་ཚོགས་མི་ནས་ཕྱིར་འབུད་བྱས་ཡོད་པ་དང་ཤིང་ཧ་གསར་ཤོག་གི་ཐོག་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་པའི་སྐོར་བཤད་ཡོད་པ་རེད་
ལོ་ན་ལྔ་ཅུ་ང་ལྔ་ཡིན་པའི་ཡུས་ཡིའུ་ཅུན་ནི་ཕྱི་ལོ་༢༠༠༧ལོར་དབུས་དམར་ཤོག་ཚོགས་པའི་ནང་བསྐོ་བཞག་བྱས་པ་ཞིག་ཡིན་ཞིང་ཡིན་ནའང་ད་རེས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་པའི་དབུས་དམར་ཤོག་ཚོགས་པའི་ལོ་འཁོར་ལྷན་ཚོགས་མཇུག་སྒྲིལ་བའི་ཉིན་དབུས་དམར་ཤོག་ཚོགས་པའི་གོ་གནས་ནས་ཕྱིར་འབུད་བཏང་བ་དང་ལོ་གཉིས་ཀྱི་ཚོད་ལྟའི་དུས་ཡུན་སྤྲད་ཡོད་པ་རེད་ ཡུས་ཡིའུ་ཅུན་ནི་རྒྱ་ནག་གི་རིག་གཞུང་ལྷན་ཁང་ནང་གི་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་ཤོས་ཡིན་པ་དང་གཟའ་འཁོར་གཅིག་གི་གོང་ནས་ཁོང་གི་མཚན་གཞུང་བློན་ཆེན་ལྷན་ཁང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་ལ་མེད་པ་བཟོས་ཟིན་ཡོད་པ་དང་གནས་སྟངས་དེ་ཡིས་ཁོང་གོ་གནས་ནས་ཕྱིར་འབུད་གཏང་རྒྱུ་ཡིན་པའི་རྟགས་མཚན་གསལ་པོ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ ཧོང་ཀོང་གི་གསར་ཤོག་ཅིག་གི་ཐོག་ལ་ད་རེས་དབུས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐོག་ལ་ཡུས་ཡིའུ་ཅུན་གོ་གནས་ནས་ཕྱིར་འབུད་བཏང་བའི་གནད་དོན་དེ་ནི་དེ་སྔ་ཁོང་གིས་ཕྱི་ལོ་༢༠༠༠ནས་༢༠༠༣བར་རྒྱ་ནག་གི་ཚོང་ལས་འཕེལ་རྒྱས་ཀྱི་ལྟེ་གནས་གྲོང་ཁྱེར་ཧྲེན་ཀྲེན་ནང་གྲོང་ཁྱེར་སྤྱི་ཁྱབ་པའི་ལས་གནས་འཁུར་བའི་རིང་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད༎