བོད་རང་སྐྱོང་ལྗོངས་ཟེར་བའི་མཐོ་རིམ་འགོ་ཁྲིད་ཟུར་པ་ཅང་ཅེ་ལ་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད་འདུག

2024.10.16
བོད་རང་སྐྱོང་ལྗོངས་ཟེར་བའི་མཐོ་རིམ་འགོ་ཁྲིད་ཟུར་པ་ཅང་ཅེ་ལ་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད་འདུག བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་གཞོན་པ་ཅང་ཅེ་ལ་ཁྲིམས་བཤེར་བྱེད་བཞིན་པ། ཟླ་ཚེས་མི་གསལ།
Chinese state media

ཟླ་༡༠ ཚེས་༡༢ ཉིན། རྒྱ་ནག་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། དེ་སྔ་ཕྱི་ལོ་ ༢༠༡༣ ནས་བཟུང་བོད་ནང་དུ་སླེབས་ནས་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་བྱས་མྱོང་མཁན་རྒྱ་རིགས་ཅང་ཅེ་ཟེར་བར་ལྐོག་ཟ་རུལ་སུངས་ཀྱི་ཁྲིམས་བཤེར་བཅད་ཁྲ་ཡོངས་བསྒྲགས་ཀྱིས་ལོ་གཉིས་ཕྱིར་འགྱངས་ཀྱིས་སྲོག་ཁྲིམས་གཅོད་རྒྱུ་དང་། ཚེ་གང་ཆབ་སྲིད་ཀྱི་དབང་རྒྱུ་མེད་པ་བཟོ་རྒྱུ་གཙོས་ཁོས་ལྐོག་ཟ་བྱས་པའི་རྒྱུ་ནོར་ཚང་མ་ཕྱིར་བསྡུ་དང་གཞུང་བཞེས་གཏོང་རྒྱུའི་ཉེས་ཆད་བཅད་ཡོད་པ་དང་། ཅང་ཅེ་ཁྲིམས་ལ་སྦྱར་རྗེས་ཁོང་གིས་ལྐོག་དངུལ་དང་འབྲེལ་བའི་གྱོད་གཞི་གལ་ཆེན་གཞན་ཁག་ཅིག་གི་ཁུངས་སྣེ་མཁོ་འདོན་བྱས་པ་དང་། ཉེས་པ་ཡོད་ཚད་ཇི་མ་ཇི་བཞིན་དུ་ངོས་ལེན་བྱས་པས་ཁྲིམས་ཆད་ཡང་ཙམ་དང་། སྲོག་ཁྲིམས་དུས་ཐོག་ཏུ་ལག་བསྟར་མི་བྱེད་པའི་ཉེས་ཆད་བཅད་ཡིན་སྐོར་སོགས་བསྒྲགས་འདུག
རྒྱ་ནག་གཞུང་ངོས་ནས་འདི་ལོའི་ཟླ་ ༨ པ་ནས་བཟུང་ཅང་ཅེ་ལ་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་མིང་འོག་ཞིབ་བཤེར་བྱེད་བཞིན་པའི་སྐོར་བཀོད་ཡོད་པ་དང་། ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཅང་ཅེ་ཡིས་ཧོང་ཏའོ་ཆུས་དང་ཧྲན་ཏུང་ཞིང་ཆེན། བོད་རང་སྐྱོང་ལྗོངས་སོགས་སུ་ལས་གཉེར་བྱེད་སྐབས། ལས་ཀའི་གོ་སྐབས་སྤྱད་དེ་མི་སྒེར་ལ་འབྲེལ་ཡོད་ལས་ཁུངས་སུ་གོ་གནས་སྤྲད་པ། ལྐོག་དངུལ་བླངས་པ། ས་ཆ་སྒེར་བདག་དང་ཉོ་ཚོང་སོགས་ཀྱི་ཁྲིམས་འགལ་བྱས་རིགས་རྒྱ་སྒོར་ལ་ཕབ་ན་དུང་ཕྱུར་ ༢.༢༥ ལྐོག་ཟའི་ཁྲིམས་འགལ་བྱས་ཡོད་པ་བཀོད་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་དཔོན་རིགས་མང་དག་ཅིག་ལ་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་ཉེས་ཆད་དང་ཁྲིམས་བཤེར་བྱེད་བཞིན་པའི་གནད་དོན་གཙོ་བོ་དེ། ཞི་ཅིན་ཕིན་གྱི་མཐོ་རིམ་འགོ་ཁྲིད་ཁྲོད་དུ་སྲིད་དབང་འཐབ་རྩོད་ཤུགས་ཆེ་བྱུང་གི་ཡོད་པ་མངོན་གསལ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
ཅང་ཅེ་ཡིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་གཞོན་པའི་ལས་གནས་གཉེར་སྐབས། དེ་སྔ་ཁོས་ཆིང་ཏའོ་ཉིན་རེའི་ཚགས་པར་དུ་གསར་འགོད་པའི་ལས་གཉེར་བྱས་ཡོད་སྟབས། ཁོས་བོད་རང་སྐྱོང་ལྗོངས་ནང་ལས་གཉེར་བྱེད་སྐབས་བོད་ནང་གི་གསར་འགྱུར་རྒྱུད་ལམ་ཁག་གིས་མ་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་གསར་འགྱུར་འབྲི་ཐབས་སྤྱད་ནས། རྒྱལ་སྤྱིའི་སྟེང་བོད་སྐོར་དྲིལ་བསྒྲགས་བྱ་རྒྱུ་ལྷོད་གཡེང་མི་གཏོང་རྒྱུ་མཐའ་འཁྱོངས་དང་། བོད་སྐོར་རྒྱལ་སྤྱིར་ཁྱབ་སྤེལ་བྱས་ཏེ་གཟུགས་བརྙན་ཡག་པོ་བསྐྲུན་པ་དང་། ཏང་གི་འགོ་ཁྲིད་དབང་ཆར་སྟངས་འཛིན་ཡང་དག་བྱ་དགོས་པའི་རྩོམ་ཡིག་སྤེལ་བ་དང་སྐད་ཆ་བཤད་པ་སོགས་བྱས་ཡོད་འདུག་ལ། ཁོས་བོད་རང་སྐྱོང་ལྗོངས་ནང་ལས་གཉེར་བྱེད་སྐབས་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་གསང་སྤྱོད་འཛུགས་སྐྲུན་ལམ་ལུགས་ལ་འགྱུར་བ་བཏང་ཡོད་པ་སོགས་བྱས་ཡོད་པ་རེད་འདུག
ཅང་ཅེ་ནི་ཕྱི་ལོ་༡༩༦༥ ཟླ ༡༠ ནང་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཅའོ་ཀྲོའུ་རུ་སྐྱེས་ཤིང་། ཁོས་རྒྱ་ནག་མི་མང་སློབ་ཆེན་དུ་དོ་དམ་རིག་པའི་སྐོར་ལ་འབུམ་རམས་ཞིབ་འཇུག་སློབ་སྦྱོང་ཐོན་ཡོད་པ་དང་། ཕྱི་ལོ་༡༩༨༡ ནས་ ༡༩༨༥ བར་ཧྲན་ཏུང་སློབ་ཆེན་གྱི་ལོ་རྒྱུས་སྡེ་ཚན་དུ་འཛམ་གླིང་ལོ་རྒྱུས་སྐོར་ལ་ཆེད་གཉེར་སློབ་སྦྱོང་བྱས་ཡོད་འདུག་ལ། ཕྱི་ལོ་༡༩༨༥ ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཞུགས་ཅིང་། ཕྱི་ལོ་༡༩༨༥ ནས་ལོ་ངོ་དྲུག་རིང་ཆིང་ཏའོ་ཉིན་རེའི་ཚགས་པར་དུ་གསར་འགོད་པའི་ལས་གཉེར་བྱས་ཡོད་འདུག དེ་རྗེས་ཆིང་ཏའོ་གྲོང་ཁྱེར་གྱི་དྲུང་ཡིག་དང་རྒྱ་ནག་རྒྱལ་སྤྱིའི་ཉོ་ཚོང་ལྷན་ཁང་ཆིང་ཏའོ་གྲོང་ཁྱེར་གྱི་ཉོ་ཚོང་མ་འཇོག་གི་འགོ་ཁྲིདབཅས་བྱས་མྱོང་ཡོད་པ་དང་།
ཕྱི་ལོ་༢༠༡༣ ནས་བཟུང་བོད་ནང་དུ་སླེབས་ནས་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་འགོ་གཙོ། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་ཁུངས་ཀྱི་འགོ་ཁྲིད་བཅས་ཀྱི་ལས་གཉེར་བྱས་ཡོད་པ་རེད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎