ཉག་ཆུར་མེ་སྐྱོན་ཤོར་ནས་བདུན་ཕྲག་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་མེ་སྐྱོན་ད་དུང་གསོད་ཐུབ་མི་འདུག

2024.03.21
ཉག་ཆུར་མེ་སྐྱོན་ཤོར་ནས་བདུན་ཕྲག་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་མེ་སྐྱོན་ད་དུང་གསོད་ཐུབ་མི་འདུག ཉག་ཆུ་རྫོང་དུ་མེ་སྐྱེན་ཤོར་བའི་སྐབས། ༢༠༢༤།༠༣།༡༧ ཉིན།
མི་སེར་གསར་འགོད་པ།

ཕྱི་ལོ་ ༢༠༢༤ ཟླ་བ་ ༣ ཚེས་ ༡༥ ནས་བཟུང་བོད་ནང་གི་ཉག་ཆུ་རྫོང་མགའ་ར་གྲོང་ཚོའི་རི་མགོའི་ནགས་ཚལ་ཁྲོད་མེ་སྐྱོན་བྱུང་བ་ནས་བཟུང་། ད་ལྟའི་ཆར་བདུན་ཕྲག་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་མེ་སྐྱོན་ད་དུང་གསོད་ཐུབ་མེད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ཉག་ཆུ་རྫོང་གི་ཉེ་འཁོར་ས་གནས་ཁག་གི་བོད་མིའི་དུད་ཁྱིམ་རེ་ནས་སྐྱེས་པ་རེ་རེ་མེ་གསོད་དུ་ཡོང་དགོས་པའི་བཀོད་ཁྱབ་གཏོང་བཞིན་ཡོད་པ་དང་། མེ་གསོད་ནང་ཞུགས་མཁན་ཚོས་ངེས་པར་དུ་དམག་ཆས་གྱོན་དགོས་པ་སོགས་བཟོས་ཡོད་སྐོར། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། མགར་ར་གྲོང་ཚོའི་ཤིང་ནགས་མེ་སྐྱོན་དེ་ས་གནས་གཅིག་ཙམ་མ་ཡིན་པར་རི་མགོ་གསུམ་ནས་ཤོར་བཞིན་ཡོད་པ་དང་། མེ་གསོད་ཐབས་བྱེད་བཞིན་ཡོད་ཀྱང་དེ་འདྲ་ལས་སླ་བོ་ཞིག་གསོད་ཐུབ་པ་ཞིག་རྩ་ནས་རེད་མི་འདུག་ལ། ཡུལ་དེའི་ཉེ་འཁོར་དུ་ཡོད་པའི་འཇམ་དབྱངས་ཆོས་གླིང་དགོན་པར་མེ་ཤོར་གྲབས་ཡོད་སྐབས། རྒྱ་ནག་གཞུང་གིས་བཀག་འགོག་ཤུགས་ཆེན་བྱས་མིན་ལ་མ་བལྟོས་པར། ས་གནས་མི་མང་གིས་དགོན་པའི་ཉེ་འཁོར་མེ་བསད་ཐུབ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་ངོས་ནས་མེ་སྐྱོན་དང་འབྲེལ་བའི་གནས་ཚུལ་རིགས་བཀོད་ཀྱི་མེད་པ་དང་། མགར་ར་གྲོང་ཚོའི་ཡུལ་མི་ཚོ་རི་འདབ་ཀྱི་གྲོང་ཚོའི་ནང་དུ་སློབ་གྲྭ་ཞིག་ཡོད་པ་དེར་གུར་བརྒྱབ་ནས་བསྡད་ཡོད་འདུག་ལ། འབྲེལ་ཡོད་གཞན་དེས་ད་ལྟའི་ཆར་ཨ་ཁུ་ཡོན་འབེའི་དགོན་པ་དང་། འཕགས་མོ་རིའི་དགོན་པ་སོགས་རི་སྒང་དུ་ཡོད་སྟབས་གནོད་སྐྱོན་བྱུང་གི་ཡོད་མེད་ཤེས་རྟོགས་མི་འདུག་ལ། རི་སྒང་དུ་ཡོད་པའི་སེམས་ཅན་རི་དྭགས་གྲངས་མེད་པ་ཞིག་ཤི་རྨས་ཐེབས་བཞིན་ཡོད་པ་དང་། མེ་སྐྱོན་གྱི་གྱི་འབར་ཤུགས་ཆུང་རུ་ཅུང་ཙམ་ཕྱིན་ཡོད་ཀྱང་ཤིང་ནགས་ནང་མུ་མཐུད་མེ་སྐྱོན་བྱུང་གི་ཡོད་པ་སོགས་བརྗོད་བྱུང་།

 ཉག་ཆུ་རྫོང་ནི་རི་མཐོ་གཡང་གཟར་དང་ཤིང་ནགས་སྟུག་པོ་ཡོད་པའི་གནས་ཤིག་ཡིན་སྟབས།  ལོ་ལྟར་མེ་སྐྱོན་གྱི་གནས་ཚུལ་ཐོན་གྱི་ཡོད་པ་དང། འབྲེལ་ཡོད་གཞན་ཞིག་ནས་ནགས་ཚལ་ལ་ལོ་ལྟར་མེ་སྐྱོན་བྱུང་བཞིན་པ་དེ་མི་མང་ཁྲོད་རྒྱ་ནག་གཞུང་ངོས་ནས། ཤིང་ནགས་དབོར་འདྲེན་ཆེད་མེ་འབར་བཅུག་བཞིན་པའི་དོགས་གཞི་བྱེད་མཁན་ཤུགས་ཆེ་ཡོད་པ་མ་ཟད། སྔར་ལོ་ཡང་ནག་ཆུ་མར་རུ་མཚོ་གྲོང་སྡེའི་ཐང་འཇོར་ནགས་ཚལ་ལ་མེ་སྐྱོན་ཤོར་ནས་ཉིན་གསུམ་ལྷག་ཙམ་རིང་མེ་གསོད་ཐུབ་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།     
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎