བདུན་ཕྲག་གཅིག་ལྷག་རྗེས་ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་ད་དུང་གསོད་ཐུབ་མི་འདུག

ཕྱི་ལོ་ ༢༠༢༤ ཟླ་བ་ ༣ ཚེས་ ༡༥ ནས་བཟུང་བོད་ནང་གི་ཉག་ཆུ་རྫོང་མགའ་ར་གྲོང་ཚོའི་རི་མགོའི་ནགས་ཚལ་ཁྲོད་མེ་སྐྱོན་བྱུང་སྟེ། ད་ལྟའི་ཆར་བདུན་ཕྲག་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་ནགས་ཚལ་མེ་སྐྱོན་རྩ་ནས་གསོད་ཐུབ་མེད་པ་དང་། མཁར་རིང་པོ་གྲོང་ཚོའི་རི་སྒང་དུ་མུ་མཐུད་མེ་ཤོར་བཞིན་ཡོད་པ་དང་། རླུང་གི་འཁོར་ཕྱོགས་སོགས་ཀྱིས་ཤུགས་ཆེན་པོ་ཆགས་མ་ཡོང་བ་ཡིན་ན། རི་འདབ་ཀྱི་གྲོང་ཚོ་ལ་ཉེན་ཁ་དམིགས་བསལ་མེད་པ་ལྟ་བུ་ཡིན་ན་ཡང་། མེ་སྐྱོན་དེ་ས་གནས་གཅིག་ཙམ་མིན་པར་རི་ངོས་ཀྱི་ས་ཚིགས་ཁག་ཅིག་ནས་བྱུང་གི་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། མགར་ར་གྲོང་ཚོ་དང་། རི་ངོས་སུ་མེ་སྐྱོན་བྱུང་བའི་ས་གནས་ཁག་ལས། ཆུ་ཁ་གྲོང་རྡལ་གྱི་ཡུལ་མི་མང་པོ་ཉག་ཆུ་རྫོང་དུ་གནས་སྤོར་བྱས་ཡོད་པ་དང་། དེ་བཞིན་མགར་ར་གྲོང་ཚོའི་ཡུལ་མི་ཚོ་གྲོང་ཚོའི་སློབ་ཆུང་ནང་དུ་གུར་ཕུབ་ནས་བསྡད་ཡོད་པ་དང་། གཞན་ཡང་མཁར་རིང་པོ་གྲོང་ཚོའི་མེ་སྐྱོན་བྱུང་ས་དང་ཁ་ཐག་ཉེ་བའི་ཡུལ་མི་མང་པོ་གནས་སྤོར་བྱས་ཡོད་པ་དང་། གནས་སྤོར་ཡུལ་མི་ཚོར་ཟ་མ་དང་འཚོ་བའི་མཐུན་རྐྱེན་གཞུང་ངོས་ནས་སྒྲུབ་བཞིན་ཡོད་པས། དཀའ་ངལ་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཕྱི་ཚེས་ ༢༢ ཉིན་སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝང་ཞའོ་ཧུའེ་ཉག་ཆུ་རྫོང་གི་མེ་སྐྱོན་གནས་ཚུལ་ལ་ལྟ་སྐོར་དུ་ཡོང་ཡོད་པ་དང་། མེ་སྐྱོན་བྱུང་དགོས་པའི་རྒྱུ་རྐྱེན་ཨར་ལས་ཀྱི་མེ་སྐྱོན་ཤོར་ཏེ་གློ་བུར་དུ་རླུང་ཆེན་པོ་ཐོན་ནས་གང་སར་ཁྱབ་པ་ཡིན་སྐོར་སོགས་བརྗོད་འདུག་ལ། ད་བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། མེ་སྐྱོན་གནས་ཚུལ་དང་འབྲེལ་ས་གནས་ཁག་མི་འདྲ་བ་ནས་དུད་ཁྱིམ་ ༡༣༦༠ ཡི་མི་གྲངས་ ༥༩༠༨ གནས་སྤོར་བྱས་ཡོད་པ་བཀོད་འདུག་ལ། འབྲེལ་ཡོད་གཞན་ཞིག་ནས་རྒྱ་ནག་གཞུང་འབྲེལ་ངོས་ནས་མེ་གསོད་སའི་ས་གནས་ཁག་ཏུ་བོད་མི་ཚོ་ཆེད་གཏོང་དང་། དེ་བཞིན་མེ་གསོད་མཁན་ལ་ཟ་མ་སོགས་ཉེ་འཁོར་བོད་མི་ཚོར་སྐྱེལ་བཅུག་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཉག་ཆུ་རྫོང་ནི་རི་མཐོ་གཡང་གཟར་དང་ཤིང་ནགས་སྟུག་པོ་ཡོད་པའི་གནས་ཤིག་ཡིན་སྟབས། ལོ་ལྟར་མེ་སྐྱོན་གྱི་གནས་ཚུལ་ཐོན་གྱི་ཡོད་པ་དང།འབྲེལ་ཡོད་གཞན་ཞིག་ནས་ནགས་ཚལ་ལ་ལོ་ལྟར་མེ་སྐྱོན་བྱུང་བཞིན་པ་དེ་མི་མང་ཁྲོད་རྒྱ་ནག་གཞུང་ངོས་ནས། ཤིང་ནགས་དབོར་འདྲེན་ཆེད་མེ་འབར་བཅུག་བཞིན་པའི་དོགས་གཞི་བྱེད་མཁན་ཤུགས་ཆེ་ཡོད་པ་མ་ཟད། སྔར་ལོ་ཡང་ནག་ཆུ་མར་རུ་མཚོ་གྲོང་སྡེའི་ཐང་འཇོར་ནགས་ཚལ་ལ་མེ་སྐྱོན་ཤོར་ནས་ཉིན་གསུམ་ལྷག་ཙམ་རིང་མེ་གསོད་ཐུབ་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།