བོད་ཀྱི་ཀོང་པོ་ཉིང་ཁྲི་ཁུལ་གྱི་ཤིང་ནགས་ནང་ཚེས་༢༧རེས་གཟའ་ལྷག་པའི་ཉིན་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ།

རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་བཏོན་པར་ལྟར་ན། རྒྱ་ནག་གཞུང་གིས་འབོད་པའི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཁུལ་གྱི་ནགས་ཚལ་ཞིག་ལ་། ཁ་སང་ཟླ་༡༠ཚེས་༢༧ ཉིན་གུང་ཚོུད་ ༡༢དང་སྐར་མ་༥༠ལ་མེ་སྐྱོན་ཚབས་ཆེ་ཞིག་བྱུང་འདུག་ཅིང་། བོད་ལྗོངས་ཤིང་ནགས་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་མི་སྣ་༡༥༠དང་མེ་གསོད་མོ་ཀྲ་༡༧ བཅས་མེ་གསོད་ཆེད་མངགས་གཏོང་བྱས་འདུག་ལ། དེ་བཞིན ས་གནས་རང་གི་ཤིང་ནགས་སྲུང་སྐྱོབ་མི་སྣ་༢༠༠ཡིས་མེ་སྐྱོན་བྱུང་ཡུལ་གྱི་ལྷོ་བྱང་གཉིས་ཏེ། རྫ་ཡུལ་ས་གནས་ཀྱི་མེ་གསོད་རུ་ཁག་གི་མི་སྣ་༣༠ཡིས་ཆུ་སྤྱད་ནས་མེ་གསོད་ཀྱི་ལས་དོན་གཉེར་བཞིན་ཡོད་པ་བརྗོད་འདུག
རྣམ་ཀུན་རང་བྱུང་གི་གོད་ཆགས་ཀྱི་གནས་ཚུལ་བྱུང་སྐབས་རྒྱ་ནག་གཞུང་ཕྱོགས་ནས་གོད་ཆགས་འོག་མི་རྒྱུ་གཉིས་ལ་གནོད་སྐྱོན་ཇི་ཙམ་ཕོག་མིན་སྦས་གསང་བྱེད་བཞིན་ཡོད་པ་རེད། ཐེངས་འདིའི་མི་སྐྱོན་འགོག་ཐབས་ཐད་གཞུང་ཕྱོགས་ནས་ལས་དོན་སྤེལ་བཞིན་པའི་གནས་ཚུལ་བཀོད་སྤེལ་བྱས་པ་ལས། མེ་སྐྱོན་བྱུང་ཡུལ་དུ་མི་རྒྱུ་གཉིས་ལ་གནོད་འཚེ་བྱུང་ཡོད་མིན་སྐོར་གང་ཡང་བཀོད་མི་འདུག
ད་རེས་བོད་ཀྱི་ཀོང་པོ་ཁུལ་དུ་བྱུང་བའི་ཚབས་ཆེའི་མེ་སྐྱོན་འདིའི་སྐོར་གྱི་གནས་ཚུལ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་སྤེལ་པའི་གནས་ཚུལ་ཐུང་ངུ་ཞིག་ཡོངས་ཁྱབ་ངང་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གཅིག་མཚུངས་བརྒྱུད་སྤེལ་བྱས་པ་ལས་དེ་མིན་སྤྱི་ཚོགས་དྲ་རྒྱ་སོགས་ནས་མེ་སྐྱོན་གྱི་གནས་ཚུལ་སྤེལ་ཕྱོགས་ཐད་གཅིག་གྱུར་གྱིས་བཀག་བསྡོམས་བྱས་ཡོད་འདུག
རྒྱ་ནག་གི་ཚན་རིག་པ་ཚོས་ཀྱང་བོད་ས་མཐོའི་གནམ་གཤིས་ཀྱི་དྲོད་ཚད་ཧ་ཅང་མགྱོགས་པོའི་ངང་འཕར་བཞིན་པ་ཡང་ཡང་བརྗོད་བཞིན་ཡོད་ལ། དེ་དང་དུས་མཚུངས་འབྱུང་བའི་གནོད་འཚེ་གནས་ཚུལ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། དཔེར་ན་འདས་པའི་ལོ་ཤས་ནང་བོད་ཀྱི་ས་ཁུལ་ཁག་ཅིག་གི་ཤིང་ནགས་ལ་མེ་སྐྱོན་གྱི་གནོད་འཚེ་ཐེངས་ཁ་ཤས་བྱུང་ཡོད་ལ། མེ་སྐྱོན་གྱི་བྱུང་རྐྱེན་དང་ཞིབ་ཕྲའི་གནས་ཚུལ་རྒྱ་ནག་གཞུང་གིས་ཁ་གསལ་བཏོན་མེད་པ་རེད། ན་ནིང་ལོའི་ཟླ་༤ཚེས་༡༤ཉིན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཁུལ་གྱི་ནགས་ཚལ་མི་འདྲ་བ་གསུམ་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད།
བོད་ཀྱི་དྭགས་པོ་དང་ཀོང་པོ་ཁུལ་འདི་ནི་དེང་སྐབས་རྒྱ་ནག་གི་ཡུལ་སྐོར་བ་ཕོན་ཆེན་སྐྱོད་ཡུལ་གྱི་ས་གནས་གལ་ཆེ་ཞིག་ཆགས་ཡོད་ཅིང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་མེ་སྐྱོན་བྱུང་ཡུལ་གྱི་རྫ་ཡུལ་རྫོང་དུ་ཕྱི་རྒྱལ་ཡུལ་སྐོར་བ་རྩ་བ་ནས་གཏོང་གི་མེད་པ་རེད་འདུག རྫ་ཡུལ་གྱི་ལྷོ་ངོས་སུ་འབར་མ་དང་རྒྱ་གར་ས་འབྲེལ་འཁེལ་ཡོད་ཅིང་། ༡༩༦༢ལོར་རྒྱ་དཀར་ནག་གི་དམག་འཁྲུག་བྱུང་ཡུལ་གྱི་ས་ཚིགས་དེ་ཡང་འཁེལ་སྟབས། རྒྱ་ནག་གི་ངོས་ནས་ས་ཁུལ་འདི་ནི་གནད་འགག་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག