བོད་ནང་གི་མང་ར་རྫོང་དུ་སེར་ཆར་དང་ཆུ་ལོག་རྐྱེན་གྱིས་བོད་མི་ལྔ་དང་ཕྱུགས་ཟོག་སེམས་ཅན་ཉིས་སྟོང་ལྷག་ལ་འཆི་སྐྱོན་བྱུང་ཡོད་འདུག

2022.08.23
བོད་ནང་གི་མང་ར་རྫོང་དུ་སེར་ཆར་དང་ཆུ་ལོག་རྐྱེན་གྱིས་བོད་མི་ལྔ་དང་ཕྱུགས་ཟོག་སེམས་ཅན་ཉིས་སྟོང་ལྷག་ལ་འཆི་སྐྱོན་བྱུང་ཡོད་འདུག མཚོ་སྔོན་མང་ར་རྫོང་དུ་ཆུ་ལོག་རྐྱེན་གྱིས་ཕྱུགས་ཟོག་སེམས་ཅན་མང་པོར་ཤི་སྐྱོན་བྱུང་ཡོད་པའི་པར་རིས། ༢༠༢༢།༠༨།༢༡
བོད་འབྱོར།/RFA

ཕྱི་ཟླ་༨པའི་ནང་བོད་ནང་གི་ས་ཁུལ་མང་པོའི་ནང་ཆར་ཞོད་དང་ཆུ་ལོག་གི་གནས་ཚུལ་མང་དག་ཅིག་ཡོང་བཞིན་ཡོད་པ་ལྟར། ཕྱི་ཟླ་༨ཚེས་༢༡ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་དུ་སེར་ཆར་རྐྱེན་གྱིས་ཆུ་ལོག་བྱུང་སྟེ། མང་ར་རྫོང་གོང་བ་སྡེ་བ་དང་རུ་མང་སྡེ་བ་ཞེས་པའི་འབྲོག་སྡེ་གཉིས་སུ་ཆུ་ལོག་རྒྱུགས་ནས། མི་གྲངས་༥་དང་ཕྱུགས་ཟོག་སེམས་ཅན་གྲངས་༢༠༠༠ལྷགལ་ཤི་སྐྱོན་བྱུང་ཡོད་པ་དང་། སེར་བ་ཧ་ཅང་ཆེ་བས་འབྲོག་པའི་སྦྲ་གུར་དང་ལྷས་ར་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་ཀྱང་། དོན་རྐྱེན་བྱུང་རྗེས་ས་གནས་སྲིད་གཞུང་དང་ཞིང་ཆེན་རིམ་པ་ནས་དུས་ཐོག་ཏུ་རོགས་སྐྱོར་མི་སྣ་འབྱོར་མེད་པ། བོད་ནང་དང་བཙན་བྱོལ་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ། ཆུ་ལོག་ཡོང་ས་གཙོ་བོ་དེ་མང་ར་རྫོང་སྟོད་ཕྱོགས་ཀྱི་འབྲོག་ས་ཡིན་པའི་སྤེན་ཆེན་དང་སྤེན་ཆུང་ཞེས་པའི་ས་ཆར་ཡིན་པ་དང་། གཙོ་བོ་ལུང་ཤུར་གཉིས་ནས་ཆུ་རྒྱུགས་ཡོང་བ་དང་སེར་བ་ཞུ་བ་སོགས་ཀྱིས་ཆུ་ལོག་བྱུང་བ་ཡིན་འདུག་ལ།ད་ལྟའི་ཆར་གསལ་ཁ་བྱུང་བ་ཞིག་ལ་མི་ལྔ་རྐྱེན་འདས་སོང་ཡོད་པ་ལས། ཁྱིམ་ཚང་གཅིག་གི་ནང་མི་གསུམ་དང་ཁྱིམ་ཚང་གཞན་གཅིག་གི་ཕ་རྒན་དང་བུ་མོ་གཉིས་བཅས་ཡིན་པ་དང་། ཕྱུགས་ཟོག་སེམས་ཅན་བསད་པའི་གྲངས་ཀ་དེ་ད་དུང་འཕར་བཞིན་ཡོད་པ་དང་། སེམས་ཅན་མང་པོ་བསད་པ་དེས་ཡུལ་མི་ཚོས་འཚོ་གནས་ལ་གྱོང་གུད་ཤུགས་ཆེན་ཐེབས་ཡོད་སྟབས།ས་གནས་ཡུལ་མི་ཚོས་བློ་ཕམ་ཆེན་པོ་གནང་གི་ཡོད་པ་བརྗོད་བྱུང་།

འདས་པའི་ཉིན་ཤས་ནང་བོད་ནང་གི་གསེར་ཁོག་རྫོང་དང་བླ་བྲང་བསང་ཆུ་རྫོང་། རེབ་གོང་རྫོང་སོགས་སུ་ཆུ་ལོག་གིས་མི་རྒྱུ་གཉིས་ལ་གྱོང་གུད་ཐེབས་ཡོད་པ་དང་། ཕྱི་ཚེས་༢༣ཉིན་གྱི་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན་བསང་ཆུ་རྫོང་དུ་ཆུ་ལོག་རྐྱེན་གྱིས་གྲོང་ཚོ་༧ནང་མཁར་གྱང་ཉུལ་བ་དང་ལམ་ཆད་པ་དང་། རླངས་འཁོར་ཆུར་ནུབ་པ་སོགས་ཚད་རིམ་མི་འདྲ་བའི་རྒྱུ་ནོར་གྱོང་གུད་ཕོགས་ཡོད་སྐོར་བཀོད་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༢༢ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་ནང་བཀོད་པ་བཞིན་གསེར་ཁོག་རྫོང་དུ་མི་སྣར་ཤི་སྐྱོན་གྱི་གྲངས་དེ་༢༦་བར་འཕར་ཡོད་པ་རེད་འདུག་ལ། བསང་ཆུ་རྫོང་དུ་བསྟུན་མར་ཉིན་གཉིས་རིང་དགེ་འདུན་པ་དང་མི་མང་། རྗེས་སུ་འབྱོར་བའི་རྒྱ་ནག་གི་རོགས་སྐྱོར་མི་སྣས་ཁྲོམ་སྲང་དང་སྡོད་ཁང་ཁག་ཏུ་རྒྱུགས་པའི་ཆུ་འདམ་གཙང་བཟོ་བྱེད་བཞིན་ཡོད་འདུག

སྤྱིར་འདི་ལོ་བོད་ནང་གི་ས་ཁུལ་ཁག་ཅིག་ནང་ཆུ་ལོག་བྱུང་བ་དང་། ཡང་ས་ཁུལ་ཁག་ཅིག་ནང་ཐན་པ་བྱུང་སྟེ་བོད་ནང་གི་སྡེ་དགེ་ལྷ་འཕྲང་དགོན་པ་སོགས་ཀྱིས་དགོན་པའི་སྔར་སྲོལ་ཕྱག་རྒྱུན་བཞིན་ཆར་ཕབ་བཞིན་ཡོད་པའི་གསལ་བརྡ་བཏང་བ་སོགས་ཀྱི་གནས་ཚུལ་ཡོད་པ་དང་། གཞན་ཡང་ཕྱི་ཟླ་༨ཚེས་༡༥ཉིན་རྫ་སྟོད་རྫོང་དུ་ས་ཡོམ་ཚད་རིམ་༥.༩་ཅན་ཞིག་བརྒྱབ་ཡོད་པ་བཞིན། ཕྱི་ཚེས་༢༢ཉིན་བསྐྱར་དུ་ས་ཆ་དེ་རང་ལ་ས་ཡོམ་ཚད་རིམ་༣ཅན་ཞིག་བརྒྱབ་ཡོད་འདུག། དེ་བཞིན་ཕྱི་ཟླ་༧པའི་ཚེས་༢༠་སྟེ་བོད་ནང་གི་དབྱར་ཁའི་དཀྱིལ་ལ་མཚོ་སྔོན་རྐང་ཚ་སོགས་སུ་ཁ་བ་འབབ་པ་སོགས་ཀྱི་གནས་ཚུལ་བྱུང་བཞིན་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་། བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྤེལ་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎