རྒྱ་ནག་ནང་འབྲི་ཆུ་རྒྱུག་ཁུལ་དུ་ཆུ་ལོག་གི་ཉེན་སྐྱོབ་ལས་འགུལ།
2020.08.19
རྒྱ་ནག་ནང་འབྲི་ཆུ་རྒྱུག་ཁུལ་དུ་ཆུ་ལོག་གི་ཉེན་ཁ་མུ་འཐུད་ཡོང་བཞིན་པས་ཡུལ་མི་མང་པོ་གནས་སྤོར་དང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་ལ་ཉེན་ཚབས་བཟོས་ཡོད་འདུག
ཕྱི་ཟླ་ ༨ ཚེས་༡༨་རེས་གཟའ་མིག་དམར་ཉིན་རྒྱ་ནག་ནང་འབྲི་ཆུ་རྒྱུག་ཁུལ་དུ་ཆུ་ལོག་གི་ཉེན་ཁའི་རྐྱེན་གྱིས་མི་གྲངས་འབུམ་གཅིག་ལྷག་གནས་སྤོ་བྱེད་དགོས་བྱུང་བ་མ་ཟད། ཁུལ་དེའི་ལོ་ངོ་གཅིག་སྟོང་ཉིས་བརྒྱ་སོང་བའི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་ལ་ཉེན་ཚབས་བཟོས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་(CCTV)་ཞེས་པ་བརྙན་འཕྲིན་ལས་ཁང་དེས། ཟི་ཁྲོན་ཞིང་ཆེན་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་གནའ་རྫས་རྙིང་པར་ངོས་འཛིན་ཐོབ་པ་(Leshan)་ཞེས་པའི་སངས་རྒྱས་སྐུ་བརྙན་དེ་སྲུང་སྐྱོབ་ཆེད་དམག་མི་དང་། ལས་བྱེད་པ། དྭངས་བླངས་པ་ཚོས་བྱེ་མའི་ཁུག་མ་བརྩིགས་ནས་སྐུ་བརྙན་དེ་སྲུང་སྐྱོབ་བྱེད་ཐབས་བྱེད་ཡོད་པའི་གནས་ཚུལ་འདོན་སྤེལ་བྱེད་ཡོད་པ་རེད།
རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་འབྲི་ཆུ་དང་འབྲེལ་བའི་ལས་ཁུངས་ཤིག་གིས་འབྲི་ཆུའི་ཆུ་དེ་མི་ཀྲར་ལྔ་ལྷག་བརྒལ་ནས་ཆུ་ལོག་གི་ཉེན་ཁ་ཡོད་པའི་བརྡ་བཏང་འདུག་ལ། ཡང་རྒྱ་ནག་གཞུང་གི་ཆུའི་ཐོན་སྐྱེད་ལྷན་ཁང་གིས་འབྲི་ཆུ་འགག་གསུམ་གྱི་ཆུ་རག་དེའི་ཆུའི་ཐོན་འབབ་དེ་སྐར་ཆ་གཅིག་གི་ནང་(cubic meter ༧༤༠༠༠)་རྒྱུག་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་དེ་ནི། ལོ་རབས་དགུ་བཅུའི་ནང་ཆུ་རག་དེ་རྒྱབ་ནས་ད་བར་བྱུང་མྱོང་མེད་པའི་ཉེན་ཁའི་རང་བཞིན་ཞིག་ཆགས་ཀྱི་ཡོད་པ་དང་། ཆུའི་རྒྱས་ཚད་ཆུ་རག་གི་ཚད་ལས་བརྒལ་ནས་ཟླ་ངོ་གཅིག་ལྷག་ཕྱིན་ཡོད་པ་རེད།
རྒྱ་ནག་གཞུང་གི་དཔོན་རིགས་ཚོས་འབྲི་ཆུའི་སྟེང་ཆུ་རག་མང་དག་ཅིག་རྒྱབ་པ་ནི་ཆུ་ལོག་མི་འབྱུང་བའི་ཆེད་ཡིན་སྐོར་ལན་མང་བརྗོད་ཀྱི་ཡོད་ནའང་། དེ་ལས་ལྡོག་ཏེ་དེས་ཆུ་ལོག་གི་ཉེན་ཚབས་བཟོ་བཞིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་པ་རེད།